[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཀ་བ་ལྟ་བུའི་སྐྱེས་ཆེན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གངས་གཡག་དཔལ་ལྷུན།    |    སྤེལ་དུས།   2018-01-07

    — ༡ —

    དུས་ཁོམ་ཕྲན་བུ་ཙམ་ཡོད་རིམ་བཞིན་དཔེ་སྒྲོམ་ཡོངས་ལ་མིག་མྱུལ་བྱེད་ཞོར། ཀློག་སྤྲོ་བའི་དུས་དེབ་འགའི་འཛུམ་མདངས་ལ་འཐམ་འཁྱུད་བྱེད་པ་ནི་ངའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། མ་གཞི་ནས་དཔེ་དེབ་ནི་ནམ་ཡང་མིའི་རིགས་ཡར་ཐོན་དང་འཕེལ་རྒྱས་ལ་ཕྱོགས་པའི་ལམ་སྟོན་པ་ཞིག་ཡིན་པས། ད་ཆ་མིའི་རིགས་ཀྱི་སྤྱི་ཚོགས་སུ་དཔེ་དེབ་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ནི་བགྲང་གིས་མི་ལང་བ་ཡོད།

    དེ་རིང་དཔེ་སྒྲོམ་ལས《བོད་ལྗོངས་ནང་བསྟན》དུས་དེབ་ཅིག་ལས་རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་ཞིབ་པར་མཇལ་རྒྱུ་བྱུང་། ཁོང་ནི་ངའི་ཕ་ཡུལ་དུ་འཁྲུངས་པའི་སྐྱེས་ཆེན་ཞིག་ཡིན་པས་ངས་ཁོང་གི་ལོ་རྒྱུས་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། “གླའོ་ལོ་རྒྱུས་ཡིག་ཆར་གློའོ་ཞེས་འཁོད་འདུག”ཅེས་པའི་ལུང་ཤུར་གྱི་མདུན་རིའི་འགྲམ་ངོས་སུ་དགོན་སྣང་ཞེས་པའི་དགོན་ཤུལ་ཞིག་ཡོད་ཅིང་། ལོ་ལྟར་བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་ཡུལ་མི་ཚོས་དགོན་ཤུལ་དེ་གསོལ་བར་འགྲོ་གི་ཡོད། ལོ་གཉིས་ཙམ་གྱི་གོང་དུ་ཁོ་བོ་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་སྐབས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་ཡོད་པའི་དགེ་བཤེས་ལྷ་རམས་པ་ངག་དབང་དཔལ་བཟང་ལགས་ནས་དགོན་ཤུལ་ཡོད་ས་དེར་མཆོད་རྟེན་ཞིག་བཞེངས་འཆར་ཡོད་ལུགས་ཀྱི་གཏམ་བཟང་ཞིག་ཀྱང་ཐོས་བྱུང་། དེའི་སྐོར་ཕ་ཡུལ་གྱི་རྒན་རབས་འགར་བཀའ་འདྲི་ཞུ་སྐབས་ཁོང་རྣམས་ཀྱིས“དེའི་སྐོར་ཞིབ་ཕྲ་མི་ཤེས་ཀྱང་། ཕ་མེས་ཚོས་གསུང་ན་བློ་ལྡན་ཤེས་རབ་ཀྱི་དགོན་པ་རེད་ཟེར”ཞེས་གསུངས་བྱུང་། ང་རང་ཆུང་དུས་ལུག་འཚོ་བར་འགྲོ་སྐབས་དེ་གར་གྱང་རོ་ཞིག་གི་སར་དར་ལྕོག་མང་པོ་བཙུགས་པའི་ལྷ་རྟེན་ཞིག་དང་མཆོད་རྟེན་ཞིག་རོ་ཞིག་ཡོད་པ་ད་ལྟའང་ལྷང་ངེར་དྲན་གྱི་འདུག མ་ཟད་ལུག་རྫི་རྒན་པོ་སྤོ་བོ་དཔལ་ལྡན་ལགས་ཀྱིས་གསུངས་པར་གཞིགས་ན་མཆོད་རྟེན་ཡོད་ས་དེར་བཙོག་གཅིན་གང་བྱུང་གཏོང་བ་དང་སྐད་ཆེན་པོ་བརྒྱབ་པ་སོགས་བྱས་ན་སྲུང་མ་ཁྲོས་ནས་རང་ཉིད་ལ་གནོད་པ་བྱེད་ཚུལ་ཡང་གོ་མྱོང་། དེར་བརྟེན་དེ་ཁུལ་དུ་ལུག་འཚོ་བར་འགྲོ་དུས་སྐད་ཆེན་པོ་རྩ་བ་ནས་རྒྱག་མི་ནུས། ཕྱིས་སུ་ང་རང་སློབ་ཆེན་འགྲིམ་དུས་སློབ་དཔོན་གྱི་ཞལ་ལས་རྔོག་བློ་ལྡན་ཤེས་རབ་རྒྱ་གར་དུ་སློབ་གཉེར་ལ་ཕེབས་དུས་ཁོང་གིས་བརྟེན་པའི་སྲུང་མ་ནི་བསེ་ཁྲབ་ཡིན་ལུགས་ཤེས་བྱུང་ལ། བསེ་ཁྲབ་ནི་ཐོག་མར་རྔོག་ལེགས་པའི་ཤེས་རབ་ཀྱིས་རྒྱ་གར་ནས་གདན་དྲངས་པའི་སྲུང་མ་དྲག་པོ་ཞིག་ཡིན་པའང་གོ་ཐོས་བྱུང་། མ་གཞིར་ལུག་རྫི་རྒན་པོ་ཁོང་གི་གཏམ་དེར་བདེན་པའི་ཆ་གང་ཡང་མེད་མོད། གཅིག་བྱས་ན་ལུག་རྫི་ཁོང་གིས་ཞིག་རལ་དུ་གྱུར་བའི་གྱང་རོ་དེར་སྲུང་སྐྱོབ་ཀྱི་ཆེད་དུ་དེ་ལྟར་སྨྲས་པའང་ཡིན་ངེས། ལོ་ལྟར་ཕ་ཡུལ་དུ་ལོག་རིམ་བཞིན་རྒན་རྒོན་ཚོར་དེའི་སྐོར་སྐད་ཆ་དྲིས་ཀྱང་ཞིབ་ཕྲ་ཤེས་མཁན་མེད་སྟབས་གང་སར་ལོ་རྒྱུས་ཡིག་ཚང་མང་པོ་བཙལ་འཚོལ་བྱས། ལོ་རྒྱུས་དེབ་ཐེར་ཁག་ཏུ་ཡང་ཁོང་གི་རྣམ་ཐར་ཉུང་བསྡུས་ཙམ་འདུག་མོད་ཁོང་གི་འཁྲུངས་འདས་ལོ་ཚིགས་ལ་དེ་ཙམ་གྱི་ཁ་གསལ་ཞིག་མི་འདུག ད་ལྟའི་ཆར་ཁྱོན་ཁོང་གི་རྣམ་ཐར་རྒྱས་བསྡུས་མི་འདྲ་བ་གསུམ་ཙམ་མིག་གིས་གཞལ་བའི་སྐལ་བཟང་ཐོབ་པ་ལས། ཁོང་གི་གསུང་རབ་ཀུན་ལ་མཁས་པའི་སློབ་མ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་མཛད་པའི《འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར》ཞེས་པ་དེ་ནི་ཅུང་རྒྱས་ཤོས་ཡིན་ཚོད་འདུག གཞན་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི《རྔོག་ལོ་ཙཱ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ》ཞེས་པ་དེ་དོན་བསྡུས་གནད་དུ་སོང་བ་ཞིག་ཀྱང་འདུག ལོ་རྒྱུས་དེབ་ཐེར་དག་གི་དགོངས་བཅུད་མདོར་འདྲིལ་ན་ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་དག“བཅུ་བདུན་ཕྲག་གསུམ”དུ་དབྱེ་ན་ཆོག་པ་འདུག་སྟེ། ཕ་མའི་དྲུང་དུ་གོམ་བགྲོད་ཤེས་པ་ནས་ཨ་ཁུའི་སར་རིག་གནས་ཀུན་ལ་སྦྱངས་ཤིང་བསྙེན་པར་རྫོགས་པའི་བར་ལོ་བཅུ་བདུན་དང་། རང་ལོ་བཅོ་བརྒྱད་ནས་བཟུང་རྒྱ་གར་དང་ཁ་ཆེ་སོགས་སུ་སློབ་དཔོན་དུ་མའི་ཞབས་ལ་གཏུགས་ཏེ་རིག་པའི་གནས་ཀུན་ལ་ཐོས་བསམ་གནང་ཚུལ་གྱི་ལོ་བཅུ་བདུན། དེ་བཞིན་གསང་ཕུར་ཕེབས་ཏེ་གདན་ས་འཛིན་པ་དང་སློབ་མ་སྐྱོང་བ། གཞུང་ལུགས་བསྒྱུར་བ་སོགས་འགྲོ་དོན་རྒྱ་ཆེར་སྤེལ་བའི་ལོ་བཅུ་བདུན་བཅས་སུ་བསྡུ་ན་འཚམ་པར་སེམས།

    སྔོན་བྱོན་མཁས་དབང་སུ་ཞིག་ཡིན་རུང་སློབ་གཉེར་གཙོ་བོ་བྱེད་ས་ནི་དགོན་སྡེ་ཁག་ཡིན་ཞིང་། དེ་དག་ཏུ་རྒྱ་བོད་པཎ་གྲུབ་རྣམས་ཀྱི་ཞབས་ལ་གཏུགས་ནས་རིག་པའི་གནས་ཀུན་ལ་སྒྲོ་འདོགས་ཆོད་པར་བྱེད་པའི་ཆོད་སེམས་ནི་ནམ་ཡང་མི་འགྱུར་བླ་ན་མེད་པ་ཞིག་རེད། རྔོག་ལོ་ཆེན་པོ་ཡང་དེ་ལྟ་བུའི་སྐྱེས་བུ་དཔའ་མཛངས་ལྡན་པ་ཞིག་ཡིན་པ་ནི་ང་ཚོས་ཁོང་གི་རྣམ་ཐར་ལས་ཀྱང་རྟོགས་ནུས་ཏེ། གྲོ་ལུང་པས་མཛད་པའི་རྣམ་ཐར་གང་དེར“ཡི་གེ་དང་ཤོད་དགོད་པ་ལ་སོགས་པ་དམ་པའི་གཙུག་ལག་དང་འབྲེལ་བའི་ལས་རྣམས་ལ་ལས་སུ་རུང་ལ། ལྡང་བ་ཕུན་སུམ་ཚོགས་པ་དང་། འཛུམ་པའི་བཞིན་རས་བཟང་པོས་གཞན་ལ་ཕན་པར་གཞོལ་བའི་སྟོབས་ཕུན་སུམ་ཚོགས་པ་དང་ཡང་ལྡན་པའོ”ཞེས་བློ་ལྡན་ཤེས་རབ་ནི་སྙིང་རུས་ཆེ་ཞིང་སྙིང་རྗེའི་བསམ་པ་དང་ལྡན་པའི་གང་ཟག་ཅིག་ཡིན་ཚུལ་བརྗོད་པ་དང་། “བརྟུལ་ཞུགས་བཟང་པོའི་གཞི་བརྟན་ལས། །བྱང་ཆུབ་སེམས་མཆོག་ལེགས་སྤེལ་དང་། །མཉམ་མེད་ཤེས་རབ་རབ་སྦྱངས་པས། །བསམ་ཡས་ཚོགས་སྒྲུབ་བརྩོན་མཆོག་ཅན། །”ཞེས་པའམ་ཡང་ན“དུས་ཕལ་ཆེར་དུ་ཆོས་སྨྲ་བའི་རིག་པའི་གནས་ཀྱི་ཆ་དང་ཆ་ཅུང་ཟད་ལ་འདྲིས་པ་ཡན་ཆད་ཀྱི་པཎ་ཊི་ཏ་དག་ཀྱང་བཤེས་གཉེན་དུ་བཟུང་ནས”ཞེས་པ་སོཌ་ཁོང་གིས་དཀའ་སྤྱད་ཀྱིས་གཞུང་ལུགས་ཁག་ལ་སྦྱངས་པ་མཐར་ཕྱིན་པ་གནང་ཚུལ་དང་། “དམ་ཆོས་བསྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །”ཞེས་སོགས་ཁོང་ནི་རང་རེ་བོད་ཀྱི་གནས་ལྔའི་རིག་གཞུང་ལ་བརྩོན་པ་ཟབ་པ་ཙམ་མ་ཟད་སམ་བོད་ཡིག་བསྒྱུར་ལའང་མཛད་རྗེས་ཤིན་ཏུ་ཆེ་བའི་སྐྱེས་བུ་ཞིག་ཡིན་པ་རྟོགས་ཐུབ།

    — ༢ —

    རང་རེ་བོད་ཀྱི་ལོ་རྒྱུས་སུ་རུས་རྔོག་གི་མཁས་པ་མང་པོ་ཐོན་ཡོད་ལ། རུས་རྔོག་གི་རུས་ཁུངས་འདེད་ནའང་ཕལ་ཆེར་རྒྱལ་ཕྲན་བཅུ་གཉིས་སམ་སིལ་མ་བཞི་བཅུའི་སྐབས་ནས་ཡོད་འདུག་སྟེ“ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན།རྗེ་རྔོག་རྗེའི་ལ་བྲང་། བློན་པོ་པ་དང་མྱང་ནད་གཉིས”ཞེས་གསལ་བ་དང་། བཙན་པོ་འདུས་སྲོང་མང་པོ་རྗེའི་སྐབས་རྔོག་གླིང་ཁམས་དང་རྔོག་རིང་ལ་ནག་པོ་ཞེས་ཤེད་ཤུགས་དོ་ཟླ་བྲལ་བའི་རྩལ་པོ་ཆེ་མི་གཉིས་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བློན་ཆེན་པོ་རྔོག དེ་བཞིན་རྔོག་བློ་ལྡན་ཤེས་རབ་དང་རྔོག་ལེགས་པའི་ཤེས་རབ། རྔོག་ཆོས་རྡོར་ལ་སོགས་པའི་རུས་རྔོག་ཡིན་པའི་མཁས་པ་མང་པོ་བྱུང་མྱོང་། དེ་དག་ཚང་མ་རུས་གཅིག་གི་སྤུན་ཉེ་ཡིན་མིན་ཁ་མཚོན་གཅོད་མི་ནུས་ཀྱང་། རུས་རྔོག་ཡིན་པའི་ཕ་མེས་ཤིག་རིགས་འདེད་ཐུབ་ངེས། འབྲེལ་ཡོད་ཡིག་ཆ་ལས་རྔོག་བློ་ལྡན་ཤེས་རབ་ནི“ཁྲི་སྲོང་སྐབས་བློན་ཆེན་པོ་རྔོག་གི་རྒྱུད་དུ་ཡར་འབྲོག་དོའི་ཕྱི་རོལ་མཚོ་ཆེན་པོའི་འགྲམ་དུ་འཁྲུངས”ཞེས་པ་དང“མཚོ་ཆེན་པོའི་འགྲམ་གྱི་གློའོ་ཞེས་པར་འཁྲུངས”ཞེས་པ་སོགས་ལ་དཔག་ན་ཁོང་ནི་སྔགས”རྙིང་མའི་དགེ་བཤེས་རྡོ་རྗེ་གཞོན་ནུའི་སྲས་ཆོས་སྐྱབས་དང་ཡུམ་དཔའ་མོ་ཞེས་པར་བོད་རབ་བྱུང་དང་པོའི་ས་མོ་ཕག་གི་ལོ་སྟེ་སྤྱི་ལོ1059ལོར་ཡར་འབྲོག་གཡུ་མཚོའི་ཉེ་འགྲམ་གློའོ་ཞེས་པར་འཁྲུངས་པ་ནི་ཐེ་ཚོམ་མེད། གླའོ་ཞེས་པ་ནི་དེང་ལྷོ་ཁ་གོང་དཀར་རྫོང་སྟོང་ར་ཤང་གོང་དཀར་གྲོང་ཚོའི་ཁོངས་སུ་ཡོད། (དེ་སྔོན་སྒོ་མཁར་གཞིས་ཀ་ཡོད་པས་སྒོག་མཁར་གྲོང་ཚོ་ཡང་ཟེར) གཞན་ཡང་འབྲེལ་ཡོད་ཡིག་ཆ་ཁག་ལ་གཞིགས་ན་ཁོང་ནི་ཆུང་དུས་ནས་བློ་རྣོ་བ་དང་རིག་པ་གསལ་བས་གང་བསླབས་ཀྱང་ཚེགས་མེད་དུ་མཁྱེན་པ་མ་ཟད། ཐུགས་རྒྱུད་གྱོང་པོ་ཞིག་ཡོད་སྟབས་ཕ་མའི་བཀའ་ལ་མི་ཉན་པར་གསང་ཕུར་ཨ་ཁུ་ལེགས་པའི་ཤེས་རབ་སར་གསང་སྟབས་ཀྱིས་ཕེབས་ཚུལ་འཁོད་འདུག

    ཨ་ཁུའི་སར་གསང་སྟབས་ཀྱིས་ཕེབས་པ་དེ་ནས་བཟུང་ཁོང་གི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་རེད། དུས་དེ་ནས་བཟུང་སྣབས་ལུད་འཛར་འཛར་གྱི་བྱིས་པ་ཞིག་གནས་ལྔའི་སྐྱེད་ཚལ་དུ་ཤེས་རིག་གི་མེ་ཏོག་བཏུས་ཏེ་གངས་ལྗོངས་ཀྱི་མཁའ་ལམ་ངོས་སུ་བཀྲག་མདངས་ལྡན་པའི་མེ་ཏོག་ཅིག་གི་ཚུལ་དུ་བཞད་པ་རེད། དེ་ནི་སུས་ཀྱང་རྫུན་བཟོར་མི་ཐུབ་པའི་བདེན་པ་ཞིག་སྟེ་དོན་དངོས་ཀྱི་ལོ་རྒྱུས་ལས་བདེན་དཔང་བྱས་ཡོད།

    ཁོང་གིས་གསང་ཕུ་རུ་ཨ་ཁུ་རྔོག་ལེགས་པའི་ཤེས་རབ་དང་གཟུས་ཀྱི་སློབ་མ་སྦོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་གཙོ་བོར་བརྟེན་ཏེ་ཟབ་ཆོས་མན་ངག་རྣམས་ལ་སྦྱངས་པ་མཛད་ཅིང་། སློབ་གཉེར་བྱེད་རིང་རིག་པའི་རྩལ་ལ་སུས་ཀྱང་འགྲན་ཟླ་མི་བཟོད་པ་ཞིག་ཏུ་གྱུར། དགུང་ལོ་བཅུ་བདུན་པར་ཨ་ཁུ་ལེགས་པའི་ཤེས་རབ་ནས་གསེར་དངུལ་ཅུང་དང་བཅས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང་གཉན་ལོ་ཙཱ་བ། ཁྱུང་པོ་ཆོས་བརྩོན་དང་རྡོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་ལྷན་དུ་རྒྱ་གར་དུ་སློབ་གཉེར་ལ་མངགས། སྐབས་དེ་དུས་ནི་ས་དགེ་བཀའ་རྙིང་གྲུབ་མཐའ་ཁག་དབར་མངོན་ལྐོག་གང་རུང་ནས་ཁེ་ཕན་རྩོད་པའི་བོད་སིལ་བུར་གནས་པའི་དུས་སྐབས་ཡིན་པས། སྤྱི་ཚོགས་ཧྲིལ་པོ་ཟང་ཟིང་དང་གང་སར་རྐུན་ཇག་གིས་གང་བ་དང་སྒོས་སུ་རྒྱ་གར་སོགས་སུ་བགྲོད་པར་དཀའ་ཚེགས་ཤིན་ཏུ་ཆེ། ཁོང་མངའ་རིས་ཁུལ་དུ་སླེབས་དུས་ལམ་རྒྱགས་དང་སློབ་ཡོན་གྱི་གསེར་དངུལ་ཚང་མ་རྐུན་ཇག་གིས་འཕྲོག་ཚུལ་ཡང་ལོ་རྒྱུས་ཡིག་ཆར་འཁོད་འདུག སྐབས་དེར་ནི་མངའ་རིས་སུ་མངའ་བདག་བཙན་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་སྙན་གྲགས་ཅན་རྣམས་གདན་དྲངས་ཏེ་ཆོས་འཁོར་སྐོར་བའི་དུས་དང་འཁེལ་ཞིང་། ཁོང་ཡང་སྟེས་དབང་གིས་མངའ་བདག་རྩེ་ལྡེ་དང་མཇལ། དེས་མ་ཟད་མངའ་བདག་རྩེ་ལྡེའི་རོགས་རམ་འོག་མུ་མཐུད་རྒྱ་གར་དུ་ཆས་པའི་མཐུན་རྐྱེན་འཛོམས། ཁོང་གིས་ལམ་བར་གྱི་དཀའ་ཁག་དུ་མ་ཁྱད་དུ་བསད་ཅིང་ངལ་བ་རྒྱབ་སྐྱུར་གྱིས་སློབ་དཔོན་འབུམ་ཕྲག་སུམ་པ་དང་མཧྭ་འགྱ་ན། པ་ར་ཧེ་ཏ་སོགས་པའི་ཞབས་ལ་ནན་གྱིས་བཏུད་དེ་རིག་པའི་གནས་ཀུན་ལ་སྦྱངས་པ་གནང། དེ་གར་ལོ་བཅུ་བདུན་ཙམ་བཞུགས་ཤིང་། དེའི་རིང་སངས་རྒྱས་ཀྱི་གསུང་རབ་ཁག་དང་མཁས་པ་སྔ་མ་དག་གིས་མཛད་པའི་བསྟན་བཅོས་རྣམས་ལ་གསན་བསམ་མཐར་ཕྱིན་མཛད་པ་མ་ཟད། སམ་བོད་ལོ་ཙཱའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོར་བཙུགས། བགྲང་བྱ་བཅུ་བདུན་རྗེས་ཀྱི་དགུང་ལོ་སོ་ལྔ་བཞེས་པ་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ1092ལོ་ཙམ་དུ་ཕྱིར་བོད་དུ་ཕེབས་ཏེ་གསང་ཕུའི་གདན་ས་འཛིན་གྱིན་རང་ཅག་བོད་ཀྱི་རིག་པའི་གཞུང་ཆེན་ཁག་ལ་མུ་མཐུད་སློབ་གཉེར་དང་ཕྱོགས་གཅིག་ནས་ཚད་མ་སྡེ་བདུན་དང་མངོན་རྟོགས་རྒྱན་ལ་སོགས་རྒྱ་གར་གྱི་རིག་གཞུང་མང་དག་ཅིག་ཡིག་སྒྱུར་གྱི་ལས་ལ་འབད་པ་དང་། ཕྱོགས་གཞན་ཞིག་ནས་སློབ་མ་སྐྱོང་བའི་འཁུར་ཆེན་བཞེས། དེ་ལྟར་བགྲང་བྱ་བཅུ་བདུན་ཙམ་སློབ་མ་སྐྱོང་བ་དང་བཀའ་བསྟན་བསྒྱུར་བའི་ལས་ལ་འབད་ཅིང་སློབ་མའི་ཚོགས་ཀྱང་ཁྲི་ལ་ཉེ་བ་བྱུང་ཚུལ་གྲོ་ལུང་པའི་གསུང་ལས་གྲགས། ཁོང་ལ་སློབ་མ་ཤིན་ཏུ་ནས་མང་པོ་ཡོད་པ་ལས་གྲོ་ལུང་པ་བློ་གྲོས་འབྱུང་གནས་དང་ཁྱུང་རིན་ཆེན་གྲཌ། འབྲེ་ཤེས་རབ་འབར། གངས་པ་ཤེའུ་བཅས་ནི་ཐུགས་ཀྱི་སྲས་བཞིར་གྲགས་སོ།

    ཁོང་ནི་དོན་དམ་པའི་མཁས་པ་ཞིག་དང་ལོ་ཙཱ་བ་ཞིག་ཡིན་པ་མ་ཟད། ཁེངས་སྐྱུང་གི་སློབ་གསོ་མཁས་ཅན་ཞིག་ཡིན་ཏེ། “བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ། །ཁོ་བོ་དེ་དྲུང་སྲིན་འབུ་མེ་འཁྱེར་བཞིན། །”ཞེས་པ་སོགས་པའི་གསུང་ལས་ཀྱང་ཁོང་ནི་ནམ་ཡིན་ཡང་རང་ཉིད་དམའ་ས་ཁོ་ནར་འཇོག་ཅིང་། གཞན་མཐོ་སར་བཀུར་བའི་མི་བུ་སྒལ་ཚིགས་ཅན་ཞིག་ཡིན་པའང་རྟོགས་ཐུབ། ཁོང་ནི་གཞུང་ལུགས་མཁྱེན་པའི་རྩལ་གྱིས་ཕྱུག་ཅིང་སློབ་སྐྱོང་བརྩེ་བ་ཅན་གྱི་དགེ་རྒན་ཕུལ་བྱུང་བ་ཞིག་ཀྱང་ཡིན་ཏེ། ཁོང་གིས་བསྐྱངས་པའི་སློབ་མའི་ཚོགས་ནི་གྲངས་ཀྱིས་གཞལ་དཀའ་བ་ཞིག་ཡོད་ཚོད་འདུག དེ་ཡང་གྲོ་ལུང་པས་མཛད་པའི་རྣམ་ཐར་དུ“འཁོར་གྱི་ཚོགས་ནི་རིམ་པ་བཞིན། །ཁྲི་དང་སུམ་སྟོང་བདུན་བརྒྱ་དང་། ། གཉིས་སུ་སྟོང་ཚོ་བཅུ་གསུམ་ཚོགས། ། ཁྲི་ཚོ་གཉིས་དང་ཁྲི་ཚོ་གཅིག །རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས”ཞེས་གསུངས་པ་ལས་ཀྱང་རྟོགས་ངེས། དེ་བཞིན་སློབ་ཚོགས་ཙམ་མ་ཡིན་པར་ཞར་ཞོར་དུ་སློབ་ཁྲིད་ཉན་མཁན་གྱི་སྐྱེས་ཕོ་མོའི་ཚོགས་ནི་རྣམ་ཐར་ལས“ཞར་ཆོས་སྟོང་དང་བརྒྱད་བརྒྱ་དང་། །བརྒྱད་ཅུ་རྩ་ལྔ་ཡོད་པ་ལ”ཞེས་གསུངས་པ་ལྟར་ཧ་ཅང་གི་མང་པོ་ཡོད་ལུགས་འཁོད་འདུག དེ་ལྟར་རང་རེ་བོད་འདིར་བཀའ་དྲིན་ཤིན་ཏུ་ཆེ་བའི་ལོ་པཎ་ནམ་མཁའི་རྒྱུ་སྐར་ལྟར་གྲངས་ལས་འདས་པ་ཞིག་ཡོད་པ་ལས། རྔོག་ལོ་བསྟན་པའི་ཉིན་བྱེད་དམ་བློ་ལྡན་ཤེས་རབ་ནི་ཉི་མ་ལྟ་བུའི་རིག་པའི་བརྟུལ་ཞུགས་འཛིན་པ་ཞིག་ཡིན་ལ། ངེད་ཕ་ཡུལ་གྱི་ཀ་བ་ལྟ་བུའི་སྐྱེས་ཆེན་ཞིག་ཀྱང་རེད།།

    དཔེ་དེབ་ཀྱི་གསེང་ནས་ལོ་རྒྱུས་སྔོག་ཅིང་ལོ་རྒྱུས་ཀྱི་ཁྲོད་ལས་བདེན་པ་འཚོལ་རྒྱུ་དེ་ནི་ང་ཚོའི་དམིགས་ཡུལ་ཡིན། དེ་རིང་ངས་ཀྱང་ཕ་ཡུལ་གཅིག་པའི་རི་ཁུག་ཏུ་འཚར་བའི་བྱིས་པ་རྣམ་དག་ཅིག་གི་ལོ་རྒྱུས་སྔོག་གིན་ཡོད།


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།