[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཕྱིའི་དཔེ་ཀློག་ལ་བརྟེན་ནས་སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་ཐབས་སྐོར་གྱི་བསམ་གཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པདྨ་དབྱངས་ཅན    |    སྤེལ་དུས།   2022-06-15

    བྱང་ཚད་སློབ་གསོའི་ཚ་རླབས་ཆེན་པོར། སློབ་གསོའི་ཐབས་ལམ་མང་པོ་ཞིག་སྲོལ་རྒྱུན་གྱི་ཐབས་ལམ་ལས་གྲོལ་ནས་ཡོད་ཚད་སློབ་མའི་དོན་དངོས་དང་བསྟུན་པའི་དཀྱོག་མཚམས་སུ། སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་ལའང་ཡང་བསྐྱར་བསམ་གཞིག་མ་བྱེད་ཐབས་མེད་རེད། ལྷག་པར་དུ། སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་ནི་སྔར་ནས་ད་བར་ལྷག་པའི་སྐད་ཡིག་སློབ་གསོའི་དཀའ་གནད་ལྟ་བུར་གྱུར་གཤིས། སྐབས་སུ་བབས་པ་སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་ཐབས་བསྟན་པ་ལ།

    དང་པོ། རྩོམ་འབྲིའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས།

    དེ་ཡང་། སློབ་མར་རྩོམ་འབྲི་ཐབས་ཙམ་དུ་མ་ཟད། རྩོམ་གྱི་ནང་དོན་གྲ་རྒྱས་ཕུན་སུམ་ཚོགས་སུ་གཏོང་བ་ནི་རྩོམ་འབྲི་བར་བློ་སྒོ་ཕྱེ་བའི་ཐབས་ཚུལ་བཟང་པོ་ཞིག་རེད་ལ། སྐད་ཡིག་གི་རྨང་གཞི་ཇེ་ལེགས་སུ་གཏོང་བའི་ཐབས་ཚུལ་མ་ནོར་བ་ཞིག་ཡིན་པ་ནི། རྩོམ་ལ་ནང་བྱན་ཆུད་པའི་སྐྱེ་བོ་ཀུན་གྱིས་མ་གྲོས་གཅིག་ཏུ་ཁས་ལེན་པའི་དོན་ཞིག་ལོས་ཡིན་ནོ།

    དེས་ན། སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་རིང་། དགེ་རྒན་གྱིས་སློབ་མར་དཔེ་ཀློག་གི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་ནི་ཤིན་ཏུ་གནད་ཆེ་བ་ཡིན་ཏེ། དེ་ཡང་། རྩོམ་འབྲིའི་ནུས་པ་སྐྱོང་བར་ཤེས་རྒྱ་ཆེ་རུ་གཏོང་བ་དང་། རྩོམ་འབྲིའི་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི་གཡོལ་དུ་མེད་པའི་ཐབས་ལམ་ཉག་ཅིག་ཡིན་པས། རྩོམ་འབྲིའི་སློབ་ཁྲིད་ལ་གལ་ཏེ་དགེ་རྒན་གྱིས་རྩོམ་འབྲིའི་རྒྱུ་ཆ་བསླབ་གཞི་ཙམ་གྱི་ནང་དུ་ཚོད་འཛིན་ཐེབས་པ་དང་། རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་ཅུང་ཉུང་བའི་རྐྱེན་གྱིས་རྩོམ་འབྲིའི་སློབ་ཁྲིད་ལ་གལ་ཏེ་སློབ་ཕྱིའི་དཔེ་ཀློག་རྒྱུ་ཆར་ཤུགས་སྣོན་མ་བརྒྱབ་ན། སློབ་ཆུང་སློབ་མའི་རྩོམ་འབྲིའི་ནང་དོན་ཧ་ཅང་གུ་དོག་པ་སྟེ། སློབ་མ་མང་ཆེ་བས་ང་ཡི་དགེ་རྒན་དང་། ང་ཚོའི་སློབ་གྲྭ་ཟེར་བ་ལྟ་བུ་ལས་གཞན་པའི་ནང་དོན་མེད་པ་ལྟར་དུ་ལུས་ཡོད་པ་ནི། སློབ་ཆུང་གི་སྐད་ཡིག་སློབ་གསོའི་ཐད་ཉམས་མྱོང་ཅུང་ཡོད་པ་ཀུན་གྱིས་ཤེས་གསལ་ལགས།

    རྒྱུ་མཚན་དེ་དག་ལ་བལྟོས་ནས། དགེ་རྒན་གྱི་ངོས་ནས་བསླབ་གཞིའི་ནང་གི་རྩོམ་འབྲིའི་ཤེས་བྱའི་ཐབས་ལམ་བརྒྱུད་ནས་སྨྱན་མང་གི་སློབ་ཆས་སོགས་ལ་བརྟེན་ཏེ། སློབ་ཆུང་སློབ་མར་རྩོམ་ཡིག་འཚོལ་བསྡུ་བྱེད་པའི་ཐབས་ལམ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་སྟོན་དགོས་པ་ལགས།

    དཔེར་ན། སྲོག་ཆགས་སྐོར་གྱི་རྩོམ་ཡིག་སྦྱོང་བརྡར་བྱེད་པ་ལྟ་བུ་ལ་མཚོན་ན། སྔོན་ལ་སྲོག་ཆགས་ཀྱི་རྣམ་པ་དང་། རྣམ་འགྱུར་འབྲི་བ་དང་། དེ་ནས་སྲོག་ཆགས་ཀྱི་བར་དུ་བྱུང་བའི་དོན་རྐྱེན་འབྲི་བ་སོགས་སློབ་ཕྱིའི་རྩོམ་ཡིག་ལ་ལྟ་ཀློག་བྱས་པ་བརྒྱུད། སློབ་ཆུང་སློབ་མས་རྩོམ་འབྲིའི་བརྗོད་གཞིའི་ཁྲོད་དུ་ནང་དོན་གྲ་རྒྱས་དང་། རྩོམ་འབྲིའི་ནང་དོན་ཡང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པར་སེམས་སོ།

    གཉིས་པ། ཐ་སྙད་གསོག་འཇོག་དང་། སྤྱོད་སྒོ་ཡངས་སུ་གཏོང་དགོས།

    ད་ལྟའི་ཆར་སློབ་མ་མང་པོ་ཞིག་གི་རྩོམ་ཡིག་འབྲི་སྐབས་ཐ་སྙད་མང་པོ་ཁ་སྐད་ཀྱི་དབང་དུ་སོང་བ་དང་། མི་རིགས་གཞན་གྱི་སྐད་སྒྲོས་དང་བརྡ་སྤྲོད་པའི་ལུགས་ཀྱི་ཤུགས་རྐྱེན་ཕོག་པ། ཟློས་སྐྱོན་མང་བ་ལྟ་བུའི་ཞན་ཆ་མང་པོ་ཐོན་པའི་རྐྱེན་གང་ལ་ཐུག་ཅེ་ན། སློབ་མར་ཐ་སྙད་གསོག་འཇོག་བྱེད་པའི་ལམ་གུ་དོག་དྲགས་པས་མཐོང་ངོ་།

    དེས་ན། སློབ་ཆུང་གི་སྐད་ཡིག་རྩོམ་འབྲིའི་སློབ་ཁྲིད་ལ་དགེ་རྒན་གྱིས་སློབ་ཆུང་སློབ་མའི་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་ཇེ་ཆེར་བཏང་སྟེ། སློབ་ཆུང་སློབ་མའི་ན་ཚོད་དང་མཉམ་པའི་ཐ་སྙད་གསོག་འཇོག་སྦྱོང་བརྡར་ལ་འབད་འབུངས་དགོས་པར་མ་ཟད། ལྷག་པར་དུ། སློབ་ཕྱིའི་ཀློག་དེབ་ལ་བརྟེན་ནས་ཐ་སྙད་གསོག་འཇོག་དང་། ཐ་སྙད་སྤྱོད་སྒོ་ཡངས་སུ་གཏོང་བ་ནི་ཆེས་གལ་འགངས་ཆེ་བ་ཞིག་རེད།

    སྤྱིའི་ཆ་ནས་བཤད་ན་ཡང་། སློབ་ཆུང་སློབ་མའི་སྐད་བརྡའི་ནུས་པ་བལྟོས་བཅས་ཀྱིས་ཅུང་ཞན་པ་དང་། ཡི་གེའི་རྨང་གཞི་ཡང་ཅུང་ཞན་པའི་རྐྱེན་གྱིས་སྐད་ཡིག་རྩོམ་འབྲིར་རྒྱུན་དུ་ཚིག་གི་དོན་མི་མཐུན་པའམ་ཡང་ན་ཡང་དག་མིན་པའི་གནས་ཚུལ་འབྱུང་སྲིད།

    དེར་བརྟེན་དགེ་རྒན་གྱིས་རྩོམ་འབྲིའི་སློབ་ཁྲིད་བྱེད་སྐབས། སློབ་ཆུང་སློབ་མར་སྙན་འཇེབས་ལྡན་པའི་ཐ་སྙད་དང་། ཚིག་རྒྱན་སྤྲོས་ཐབས་སོགས་གསོག་འཇོག་ལ་སྐུལ་མ་གཏོང་དགོས་པ་མ་ཟད། གསོག་འཇོག་བྱས་པའི་ཤེས་བྱ་རང་ཉིད་ཀྱི་རྩོམ་འབྲིར་སྤྱད་དེ་ཐ་སྙད་སྔར་བས་ཕུན་སུམ་ཇེ་ཚོགས་དང་། ཐ་སྙད་བཀོལ་སྤྱོད་ཇེ་ཡངས་སུ་གཏོང་ཐབས་ལ་འབད་དགོས་པ་ཡིན་ནོ།

    དེ་ཡང་ཞིབ་ཙམ་བརྗོད་ན། དགེ་རྒན་གྱིས་སློབ་ཆུང་སློབ་མར་སྔོན་ལ་དཔེ་ཀློག་གི་བརྗོད་བྱ་གཙོ་བོ་གཏན་འཁེལ་དང་། སློབ་ཆུང་སློབ་མ་རང་ཉིད་ཀྱིས་སློབ་གསེང་སྐབས་འབྲེལ་ཡོད་ཀྱི་དེབ་དང་རྩོམ་ཡིག་འཚོལ་བསྡུ་བྱས་ནས་དཔེ་དེབ་ཀློག་དགོས་པ་སྟེ། དཔེར་ན། ཡུལ་ལྗོངས་ཞིབ་འབྲི་ལྟ་བུ་ལྟ་ཀློག་གི་བརྗོད་གཞིར་བྱས་ཏེ། འབྲེལ་ཡོད་ཀྱི་རྩོམ་ཡིག་ལེགས་སྒྲིག་བྱས་རྗེས་དེ་འབྲེལ་གྱི་རྩོམ་ཡིག་འབྲི་རུ་འཇུག་དགོས།

    རྩོམ་ཡིག་ནང་དེ་མཚུངས་ཀྱི་ཡུལ་ལྗོངས་ཞིབ་འབྲི་ཙམ་དུ་མ་ཟད། ནང་དོན་ཞིབ་ཕྲ་བཀོད་སྒྲིག་བྱེད་སྐབས། དཔེ་འགོད་སྟངས་དང་། འཆར་འགོད་བྱེད་སྟངས་དང་། སྡུར་བ་དང་། ཚིག་རྒྱན་བེད་སྤྱོད་སྟངས་སོགས་ལ་དཔེ་ལེགས་པར་བལྟས་ནས། རྩོམ་ཡིག་གི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་དང་། ཚིག་སྦྱོར་སྡེབ་ལེགས་པར་འགྱུར་ཐབས་ལ་འབད་པའོ།

    སྟབས་བདེ་ཙམ་ཞུས་ན། སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་པ་རྒྱུན་གཏན་གྱི་སློབ་ཁྲིད་ལ་སིམ་པ་དགོས་པ་དང་། སློབ་གསེང་གི་དཔེ་ཀློག་དང་། རྩོམ་འབྲིའི་སློབ་ཁྲིད་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་ཆུང་སློབ་མར་སྙན་འཇེབས་ལྡན་པའི་ཐ་སྙད་དང་། ཕུན་སུམ་ཚོགས་པའི་ཐ་སྙད་སྔར་ལས་མང་བ་གསོག་འཇོག་བྱེད་པར་རོགས་རམ་བྱས་ཏེ། སློབ་ཆུང་སློབ་མས་ཡང་དག་པའི་རྩོམ་འབྲིའི་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་དགོས་པ་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་དཔེ་ཀློག་གསོག་འཇོག་གི་ཐ་སྙད་དག་རྩོམ་འབྲིར་བཀོལ་སྤྱོད་བྱས་ཏེ་སློབ་ཆུང་སློབ་མའི་དཔེ་ཀློག་གི་ཆུ་ཚད་མཐོར་གཏེགས་གཏོང་ཐབས་ལ་འབད་པའོ།

    མདོར་ན། མཐོང་ཐོས་ཇེ་མང་དུ་གཏོང་བ་དང་། སྐད་བརྡའི་ཆུ་ཚད་ཇེ་མཐོར་གཏོང་བའམ། རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་པ་ནི་གོམ་པ་རིམ་བགྲོད་དང་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས། དགེ་རྒན་གྱིས་སློབ་ཕྱིའི་དཔེ་ཀློག་དེ་ཉིད་རྩོམ་འབྲིའི་སློབ་ཁྲིད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་དགོས་པ་མ་ཟད། སློབ་ཆུང་སློབ་མའི་དོན་དངོས་ཀྱི་དཔེ་ཀློག་ཆུ་ཚད་ནས་འགོ་བརྩམས་ཏེ་རྩོམ་འབྲིའི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་སློབ་ཆུང་སློབ་མར་སློབ་ཕྱིའི་དཔེ་ཀློག་ཐོན་ཁུངས་མཚམས་སྦྱོར་འོས་འཚམ་བྱེད་པ་ནི་གནད་ཆེ་ས་ཞིག་ཡིན་ཞིང་། དེ་ཡང་། ལྷུག་རྩོམ་དང་། བརྩམས་སྒྲུང་ལྟ་བུའི་བརྗོད་བྱ་ཙམ་དུ་མ་བཞག་པར། ད་དུང་ལྷ་སྒྲུང་དང་། གཏམ་རྒྱུད་དང་། ཚན་རིག་དང་འབྲེལ་བའི་དངོས་ཁམས་རིག་པའི་ཤེས་བྱ་སོགས་དང་། ཐ་ན་རྟོག་བཟོ་ཆེས་ཆེར་ལྡན་པའི་ཚན་རྩལ་གྱི་ནང་དོན་སོགས་སློབ་གསེང་གི་ལྟ་ཀློག་གི་ནང་དོན་དུ་བྱས་ནས། སློབ་མའི་རང་སྟོབས་ལས་ཤེས་བྱ་ལེན་པའི་ནུས་པ་སྐྱེད་སྲིང་དང་། སྐབས་དོན་དུ་རྩོམ་འབྲིའི་ནུས་པ་སྐྱོང་ལུགས་ཤེས་པར་བྱ་དགོས་པར་མཐོང་ངོ་།

    དཔེར་ན། དགེ་རྒན་གྱིས་ད་དུང་སློབ་ཆུང་སློབ་མར་འཛིན་གྲྭའི་གཡས་གཡོན་ཟུར་གང་རུང་དུ་དཔེ་སྒྲོམ་ཡོད་ལ། ཁོ་ཚོའི་འདོད་པ་དང་མཐུན་པའི་སྣ་མང་ཕུན་ཚོགས་ཀྱི་དཔེ་དེབ་བཞག་ནས། སློབ་མས་ག་དུས་ཡིན་ཡང་དཔེ་དེབ་ལྟ་བའི་གོམས་གཤིས་གསོ་བ་དང་། དེ་བཞིན་སློབ་གྲོགས་གཞན་དག་དང་མཉམ་དུ་ལོངས་སུ་སྤྱོད་པ་མ་ཟད། དཔེ་ཀློག་ཟིན་བྲིས་འབྲི་བའི་གོམས་གཤིས་བཟང་པོ་ཆགས་པར་སྐུལ་མ་བྱེད་པ་སོགས་ཐབས་ལམ་བདེ་མོས་སློབ་མ་ཚོ་ཆུང་དུས་ནས་དཔེ་དེབ་ལྟ་བའི་སྲོལ་བཟང་སྐྱོང་བ་ནི། རྩོམ་འབྲིའི་ནུས་པ་སྐྱོང་ལུགས་གཞན་ན་མེད་པ་ཞིག་ཡིན་པར་སེམས་སོ།

    (ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྒང་སྟོད་གྲོང་རྡལ་སློབ་ཆུང་གི་པདྨ་དབྱངས་ཅན)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།