[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རླུང་འཕྲིན་གྱི་ཁྱད་ཆོས་ལས་འཕྲོས་ཏེ་རླུང་འཕྲིན་རྩོམ་ཡིག་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-10

    བོད་ལ་ཆ་མཚོན་ན། རླུང་འཕྲིན་ནི་སྲོལ་རྒྱུན་སྨྱན་སྦྱོར་ཆེན་པོ་གསུམ་གྱི་ནང་ནས་ཅུང་ཐོན་སྔ་བའི་སྨྱན་སྦྱོར་གྱི་རིགས་ཤིག་ཡིན་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གསན་པ་པོ་དང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས། རླུང་འཕྲིན་གྱི་ལེ་ཚན་གཉེར་ཕྱོགས་དང་བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་བྱེད་སྟངས་སོགས་ལའང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ལྷག་པར་དུ་དེང་རབས་ཀྱི་གསར་དར་སྨྱན་སྦྱོར་དྲ་རྒྱ་དང་། ལག་ཐོགས་ཁ་པར། ཁྱུག་དབྱིངས། བརྙན་ཐུང་སོགས་དར་ཁྱབ་ཇེ་ཆེར་འགྲོ་བའི་དུས་སྐབས་སུ། རླུང་འཕྲིན་ཚུད་པའི་སྲོལ་རྒྱུན་སྨྱན་སྦྱོར་ཁག་ལ་ཡང་འགྲན་སློང་ཆེན་པོ་ཕྲད་དང་འཕྲད་བཞིན་ཡོད། ཡིན་ནའང་། ཁ་ལོ་བ་དང་། འཚེམ་བཟོ་བ། ཤིང་བཟོ་བ། ལྷ་རིས་པ་སོགས་ཀྱིས་གཙོས་པའི་རླུང་འཕྲིན་གསན་གྲོགས་སྔར་བཞིན་མང་པོ་ཡོད་པས། འདིར་གུས་མོས་རྣམ་ཀུན་སྐལ་བཟང་མེ་ཏོག་ཅེས་པའི་རླུང་འཕྲིན་ལེ་ཚན་གྱི་ཁྱིམ་ཚང་སློབ་གསོའི་ནང་དོན་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་བ་དང་དུས་རབས་གསར་པའི་རླུང་འཕྲིན་གྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས་རླུང་འཕྲིན་རྩོམ་ཡིག་ཡིག་སྒྱུར་སྐོར་རགས་ཙམ་གླེང་བར་བྱའོ།

    དང་པོ། རླུང་འཕྲིན་གྱི་མྱུར་བའི་རང་བཞིན་ལ་བསྟུན་པའི་ཡིག་སྒྱུར་སྐོར།

    སྲོལ་རྒྱུན་སྨྱན་སྦྱོར་གཞན་དང་བསྡུར་བ་བྱས་ཚེ། རླུང་འཕྲིན་གྱི་ཁྱད་ཆོས་གཙོ་བོ་ནི་མྱུར་ལ་གོ་བདེ་བའི་ངང་ནས་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་གྲོང་རྡལ་གང་སར་ཆ་འཕྲིན་ཁག་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དེ་རེད། ལྷག་པར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་རླངས་འཁོར་གྱི་ཁ་གྲངས་ཀྱང་ཇེ་མང་དུ་སོང་བ་དང་བསྟུན་ནས་ཁ་ལོ་བའང་མང་དུ་ཕྱིན་ཏེ་རླུང་འཕྲིན་གསན་མཁན་གྱི་ཁྱབ་རྒྱ་དང་ཁྲོམ་ར་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། འོན་ཏེ། ཆ་འཕྲིན་གྱི་དུས་རབས་དང་གསར་དར་སྨྱན་སྦྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པའི་དུས་རབས་སུ་སླེབས་པར་བརྟེན་གནམ་གྱིས་ས་བཀབ་པ་ལྟ་བུའི་ཆ་འཕྲིན་ཁག་དུས་ཡུན་ཐུང་ཤོས་ནང་མི་མང་ཤོས་ལ་བརྒྱུད་སྤྲོད་བྱེད་པ་དེས། རླུང་འཕྲིན་གྱི་ཁྱད་ཆོས་ལ་འགྲན་སློང་བྱེད་བཞིན་ཡོད་ལ། བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་བྱ་བར་ཡང་འགྲན་སློང་འཕྲད་བཞིན་ཡོད། དེས་ན་དུས་སྐབས་འདི་འདྲ་ཞིག་གི་འོག་ཏུ་བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་བྱ་བ་དམ་པོར་བཟུང་སྟེ་འགྲན་སློང་གི་ཁྲོད་ནས་རླུང་འཕྲིན་གྱི་མྱུར་བ་དང་ཡིག་རྨོངས་ཀྱིས་ཀྱང་གོ་བའི་ཁྱད་ཆོས་མ་བརླགས་པའི་ཁར། ཡིག་སྒྱུར་བྱ་བས་བོད་སྐད་རླུང་འཕྲིན་གྱི་མྱུར་བའི་རང་བཞིན་དང་ཞིང་འབྲོག་ཁུལ་གྱི་གསན་པ་པོ་རྣམས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པ་བྱེད་དགོས། དེ་ཡང་ཁ་གསལ་ཙམ་ཞུས་ན། གསར་འགྱུར་གྱི་མྱུར་བའི་རང་བཞིན་དང་མང་ཚོགས་རང་བཞིན་ནི་ཡིག་སྒྱུར་གྱི་མྱུར་ཚད་དང་འགྱུར་ཡིག་གོ་ཐུབ་ཚད་དང་འབྲེལ་བ་དམ་ཟབ་ཡོད། འོ་ན། རླུང་འཕྲིན་ཡིག་སྒྱུར་མྱུར་བ་དང་། གནད་ལ་འཁེལ་བ། ཁ་གསལ་གོ་བདེ་བ་ཞིག་ཇི་ལྟར་ཡོང་བ་བྱེད་དགོས་སམ་ཞེ་ན།

    (གཅིག) ལོ་ཙཱ་བས་བོད་སྐད་ཀྱི་ཐ་སྙད་གསོག་འཇོག་གང་ཐུབ་བྱེད་དགོས་པ་མ་ཟད་ལྷག་པར་དུ་གསར་ཐོན་གྱི་ཐ་སྙད་ཁག་ལ་དོ་སྣང་བྱེད་དགོས།

    དེ་ཡང་སྐལ་བཟང་མེ་ཏོག་ལེ་ཚན་གྱི་ཁྱིམ་ཚང་སློབ་གསོ་ཞེས་པའི་ནང་གསེས་ལེ་ཚན་ནང་ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་ཆ་འཕྲིན་ཞིག་དུས་ཐོག་ཏུ་ཁྱིམ་བདག་ལྷན་རྒྱས་ཀྱི་སྙན་ལམ་དུ་སྒྲོན་དགོས་ན། ཐོག་མར་ལོ་ཙཱ་བར་བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་དགོས་ལ། རྣམ་ཀུན་ནས་སྨྱན་སྦྱོར་གཞན་ནམ་འཚོ་བའི་ཁྲོད་ཐོན་པའི་བོད་འགྱུར་ཐ་སྙད་ཁག་ལ་ཡིད་འཇོག་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། རང་ཉིད་ཀྱི་ཐ་སྙད་བང་མཛོད་དབུལ་གྱུར་ན། རླུང་འཕྲིན་ལེ་ཚན་གྱི་དུས་ཐོག་རང་བཞིན་དང་མྱུར་བའི་རང་བཞིན་ལ་ཞབས་འདེགས་ཞུ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་དུས་ཚོད་འགོར་འགྱངས་ཀྱིས་རླུང་འཕྲིན་གྱི་ཞབས་འདེགས་ནུས་པའང་ཤོར་སྲིད། དཔེར་ན། ཉེ་ཆར་ཐོན་པའི་སློབ་གསོའི་སྐོར་གྱི་སྲིད་ཇུས་གསར་པ“双减政策”ཞེས་པ“གཉིས་གཅོག་སྲིད་ཇུས”ཞེས་སུ་བསྒྱུར་ན་རླུང་འཕྲིན་གསན་པ་པོས་གོ་བ་ལོག་ཉེན་ཡོད། དེ་ལས“ཁུར་པོ་ཡང་གཏོང་གཉིས་ཀྱི་སྲིད་ཇུས”ཞེས་བསྒྱུར་ན་གོ་བདེ། ཐ་སྙད་ཀྱི་བང་མཛོད་ནང་ཐ་སྙད་གསར་པ་གསོག་འཇོག་དང་བེད་སྤྱོད་བྱེད་གལ་ཆེ། ལྷག་པར་དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བྱ་དངོས་གསར་པ་མང་པོ་ང་ཚོའི་དབང་ཤེས་ཀྱི་མྱོང་བྱར་གྱུར་ཡོད་པས། ང་ཚོས་སྐབས་ཐོག་ཏུ་བྱ་དངོས་གསར་པ་དེ་ཚོའི་ཐ་སྙད་བཀས་བཅད་བྱས་པ་དག་རང་ཉིད་ཀྱི་ཐ་སྙད་བང་མཛོད་དུ་འཇུག་ཐུབ་པ་བྱེད་དགོས། དཔེར་ན། དེང་གི་ཆར་གསར་དུ་ཐོན་པའི་ཐ་སྙད“生物芯片”“སྐྱེ་དངོས་ཀྱི་སྙིང་ཏིག” “物流配送”“དངོས་ཟོག་མངག་སྐྱེལ” “产业链”“ཐོན་ལས་འཁོར་སྦྲེལ”ལྟ་བུ་གསོག་འཇོག་གང་ཐུབ་བྱེད་དགོས། དེ་ལྟར་བྱུང་ན་རླུང་འཕྲིན་ལེ་ཚན་གྱི་མྱུར་བའི་རང་བཞིན་ལ་ཡིག་སྒྱུར་གྱིས་འགན་ལེན་བྱེད་ཐུབ།

    (གཉིས) ལོ་ཙཱ་བས་མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་གང་ཐུབ་བྱེད་དགོས།

    རླུང་འཕྲིན་ཡིག་སྒྱུར་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དེའི་ཁ་སྐད་རང་བཞིན་དང་གོ་བདེའི་རང་བཞིན་རེད། རླུང་འཕྲིན་ལེ་ཚན་ཞིག་ཁ་གསལ་གོ་བདེའི་ངང་ནས་གསན་པ་པོའི་སྙན་ལམ་དུ་བརྒྱུད་སྤྲོད་ཐུབ་ཚེ། རླུང་འཕྲིན་ལེ་ཚན་གཉེར་བའི་དགོས་པ་ཐོག་མ་དེ་གྲུབ་པར་སེམས། རང་ཉིད་ཀྱིས་རྒྱུན་དུ་སྐལ་བཟང་མེ་ཏོག་ལེ་ཚན་རྩོམ་སྒྲིག་ཡིག་སྒྱུར་དང་གཙོ་སྐྱོང་གཅིག་ལྕོགས་བྱེད་པའི་བརྒྱུད་རིམ་ཁྲོད། རླུང་འཕྲིན་གྱི་ཁ་སྐད་རང་བཞིན་གྱི་གལ་ཆེའི་དོན་སྙིང་ལ་ངེས་ཤེས་ཟབ་མོ་རྙེད་བྱུང་། གང་ལགས་ཤེ་ན། སྐལ་བཟང་མེ་ཏོག་ལེ་ཚན་གྱི་གསན་པ་པོ་ནི་སྤྱིར་གཞོན་ནུ་ལོ་ཆུང་དང་ཁྱིམ་བདག་ཡིན་པས། ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་བྱ་ཐབས་དང་ཁྱིམ་ཚང་སློབ་གསོའི་ནང་དོན་བསྒྱུར་བའི་བརྒྱུད་རིམ་ཁྲོད། མ་ཡིག་དང་མཐུན་ལ་དེ་བས་གསན་པ་པོས་གོ་བདེ་བའི་ཁ་སྐད་ནས་བརྒྱུད་བསྒྲགས་བྱེད་པའི་བརྒྱུད་རིམ་ཁྲོད་གོ་བདེའི་རང་བཞིན་གཙིགས་སུ་བཟུང་དགོས་པ་ཐབས་ཀྱི་དམ་པར་མཐོང་། དེར་བརྟེན། ང་ཚོས་འཚོ་བའི་ཁྲོད་མང་ཚོགས་ཀྱི་ཁ་བརྡ་བྱེད་ཚུལ་ལ་ཡིད་འཇོག་མང་ཙམ་བྱེད་དགོས་པ་དང་དེ་བས་མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་མང་ཙམ་བྱེད་དགོས། དཔེར་ན། སྨྱན་སྦྱོར་གསར་དར་གྱི་དུས་རབས་འདིར་ང་ཚོས“手扶拖拉机”དང“微信”དང“抖音”ལ་ཐོ་ཕྲུག་དང་། འཕྲིན་ཕྲན། ཁྱུག་དབྱིངས་ཞེས་ངག་ལ་འཇགས་བདེ་བ་དང་གོ་བདེ་བའི་ཐ་སྙད་བེད་སྤྱོད་བྱེད་པར་སློབ་སྦྱོང་ཞུ་དགོས། དེ་མིན་ང་ཚོའི་འཚོ་བའི་ཁྲོད་བེད་སྤྱོད་དེ་ཙམ་མེད་པའི་གོང་གསལ་ཐ་སྙད་ཀྱི་འགྱུར་ལ“ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར”དང་། “འཕྲིན་ཐུང” “འདར་སྐད”ལྟ་བུ་བེད་སྤྱོད་བྱས་ཚེ། དོན་གོ་མི་བདེ་བ་དང་གོ་ལོག་ཏུ་འགྱུར་ཉེན་ཡང་ཡོད། དེ་དང་འདྲ་བར་རླུང་འཕྲིན་ཆེད་སྒྲིག་ལེ་ཚན་གཙོ་སྐྱོང་པ་ཞིག་གིས་རླུང་འཕྲིན་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད། ངེས་པར་དུ་གསན་པ་པོས་གོ་ཐུབ་མིན་ལ་བསམ་བློ་གཏོང་དགོས། དཔེར་ན། “每个孩子都有自己优秀的一面”ཞེས་པ་དེར་ཕྲུ་གུ་མི་རེ་ངོ་རེ་ཚང་མར་རང་ཉིད་ཀྱི་ཕུལ་བྱུང་གི་ཕྱོགས་རེ་ཡོད་ཅེས་བསྒྱུར་པ་ལས། ཕྲུ་གུ་སོ་སོར་ལེགས་ཆ་རེ་ལྡན་ཡོད་ཅེས་བསྒྱུར་ན་ཁ་གསལ་གོ་བདེ་བ་ཙམ་མ་ཟད། གསན་པ་པོའི་ལེ་ཚན་ཉན་པའི་དང་བ་ཡང་འདྲེན་ནུས།

    གཉིས་པ། ཚིག་ཕྲལ་ནས་སྒྱུར་བ་དང་བྱ་ཚིག་སྒྱུར་སྟངས་ཐད་ལ་གཟབ་དགོས།

    དེ་སྔ་རླུང་འཕྲིན་ནི་ཚགས་པར་ལྟར་ཆ་འཕྲིན་ཉར་ཚགས་བྱེད་བདེ་པོ་མེད་པར་སྐད་ཆ་དུམ་བུ་ཞིག་ཉན་ཚར་ན་ཚར་བ་རང་རེད། ཡིན་ནའང་དེང་སྐབས་ཇོ་རིའི་སྤྲིན་སྟེགས་ཞེས་པའི་APPཐོག་ནས་དུས་ངེས་མེད་ཀྱིས་ཉན་ཆོག་པས། རླུང་འཕྲིན་ལེ་ཚན་ནང་ཡིག་སྒྱུར་བྱས་པའི་ཐ་སྙད་ཁག་གཅིག་ཡག་པོ་བྱུང་མེད་པ་ཡིན་ན། མང་ཚོགས་ཀྱིས་གོ་རྒྱུ་ལྟ་ཞོག་དེ་བས་གོ་བ་ལོག་ནས་ཡུན་རིང་བག་ཆགས་ངན་པ་འཇོག་པའི་ཉེན་ཁ་ཡོད། དཔེར་ན། རྒྱ་ཡིག་གི་ཐ་སྙད“兴农惠农”ལྟ་བུར་ཆ་མཚོན་ན། དེར“ཞིང་དར་ཞིང་ཕན”ཞེས་བསྒྱུར་ན་ཚགས་པར་ཐོག་ཡི་གེར་བལྟས་ནས་གོ་བ་ལོན་ཐུབ་ནའང་། རླུང་འཕྲིན་གསན་པ་པོར་གོ་བདེ་པོ་གཏན་ནས་མེད། དེར་བརྟེན་ཐ་སྙད་དེ་ལྟ་བུར་རླུང་འཕྲིན་དུ“ཞིང་ལས་དར་རྒྱས་གཏོང་བ་དང་ཞིང་པར་ཕན་པ་འདོགས་པ”ལྟ་བུར་ཕྲལ་ནས་བསྒྱུར་ཚེ། རླུང་འཕྲིན་གསན་པ་པོས་ཚིག་གོ་བདེ་བ་དང་དུས་མཚུངས་དོན་རྟོགས་ཐུབ། དེ་དང་འདྲ་བར“治国兴藏”“依法治税”སོགས་ལ“རྒྱལ་སྐྱོང་བོད་དར”དང“ཁྲིམས་ལྟར་ཁྲལ་སྐྱོང”ལྟ་བུར་ཐད་ཀར་མ་བསྒྱུར་བར་རྒྱལ་ཁབ་སྐྱོང་བ་དང་བོད་ལྗོངས་དར་རྒྱས་ཡོང་བ་བྱེད་པ”དང“ཁྲིམས་བཞིན་དུ་དཔྱ་ཁྲལ་བསྡུ་རྒྱུར་བཅོས་སྐྱོང་བྱེད་པ”ཞེས་བསྒྱུར་དགོས་པ་སོགས་རིགས་འགྲེའོ། དེ་མིན་མིང་ཚིག་ཕྲལ་ནས་མ་བསྒྱུར་བར་ཐད་སྒྱུར་བྱས་ཚེ། རླུང་འཕྲིན་ནས་གསན་ན་བཞད་གད་ཀྱི་རྒྱུ་རུ་གྱུར་བའི་ཚུལ་ཡང་ཡོད་དེ། དཔེར་ན། “养殖大户”ལྟ་བུར་ཆ་མཚོན་ན། དེར“གསོ་ཚགས་ཁྱིམ་དུད་ཆེན་པོ”ཞེས་མ་བསྒྱུར་པར། དེར“གསོ་ཚགས་དུད་ཆེན”ཞེས་བསྒྱུར་ཚེ་རླུང་འཕྲིན་གསན་པ་པོ་ཚོས་གསོ་ཚགས་བྱེད་པའི་དུས་སྟོན་ལྟ་བུར་གོ་བ་ལོག་པའི་ཉེན་ཁ་ཡོད། ད་དུང་རྒྱ་ཡིག་ཡིག་འབྲུ་གཅིག་བོད་ཡིག་ཏུ་བསྒྱུར་བའི་མཚམས་སུ་དཔེར་ན། “远程”ལྟ་བུར་ཆ་མཚོན་ན། “远程导弹”“远程教育”“远程会诊”བྱ་ཚིག་བསྒྱུར་བའི་དུས་བརྗོད་བྱའི་མིང་ཚིག་དང་བསྟུན་ནས་བསྒྱུར་གལ་ཆེ། “རྒྱང་འཕེན་འཕུར་མདེལ” “རྒྱང་ཁྲིད་སློབ་གསོ”“རྒྱང་བསྟེན་ནད་དཔྱད”ལྟ་བུར་བསྒྱུར་བ་ལས་ཚང་མར་རྒྱང་བསྟེན་ཞེས་བསྒྱུར་ན་འཚམ་པོ་མེད་པ་ལྟ་བུའོ། ད་དུང་དཔེར་ན། “成熟”ཞེས་པའི་བྱ་ཚིག་ལྟ་བུ་བསྒྱུར་བའི་སྐབས་སུ། “果实成熟”“འབྲས་བུ་སྨིན་པ”ཞེས་བསྒྱུར་ན་འཚམ་མོད་ཀྱང་། ཚང་མར“སྨིན་པ”ཞེས་སྒྱུར་ན་འཚམ་པོ་མེད་དེ། “这个小孩比起别的小孩成熟很多”ཞེས་པར“ཕྲུ་གུ་འདི་བྱིས་པ་གཞན་དང་བསྡུར་ན་སྨིན་པ་འདུག”ཅེས་བསྒྱུར་ན་གོ་རྒྱུ་གཏན་ནས་མེད་པས། “ཕྲུ་གུ་འདི་བྱིས་པ་གཞན་དང་བསྡུར་ན་བསམ་ཤེས་ཐུབ་པ་འདུག”ཅེས་བསྒྱུར་ན་སྐད་ཆའི་བཤད་ཕྱོགས་དང་འཚམ་ལ། གསན་པ་པོས་བཤད་བྱའི་ནང་དོན་ལ་གོ་བ་ལེན་ཐུབ་པ་ལྟ་བུའོ།

    མདོར་ན། གོང་གསལ་གྱི་རླུང་འཕྲིན་རྩོམ་ཡིག་ཡིག་སྒྱུར་བྱ་ཐབས་ནི་རླུང་འཕྲིན་གྱི་ཁྱད་ཆོས་ཀྱིས་རླུང་འཕྲིན་ལོ་ཙཱ་བ་ཚོར་བཏོན་པའི་བླང་བྱ་ཞིག་ཡིན་ལ། རླུང་འཕྲིན་ཡིག་སྒྱུར་ཁྱད་ཆོས་ཀྱིས་རླུང་འཕྲིན་ལོ་ཙཱ་བ་ཚོར་བཏོན་པའི་རེ་བ་ཡང་རེད། དེས་ན་ཆ་འཕྲིན་གྱི་དུས་རབས་དང་། གསར་དར་སྨྱན་སྦྱོར། སྲོལ་རྒྱུན་སྨྱན་སྦྱོར་བཅས་ཟུང་དུ་འབྲེལ་བའི་དམིགས་བསལ་གྱི་དུས་རབས་འདི་འདྲ་ཞིག་ཏུ། རླུང་འཕྲིན་ལོ་ཙཱ་བ་ཚོས་ཁ་ཡངས་ལ་གོ་བདེ་བའི་ངང་ནས་མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་དང་། ཐ་སྙད་གསར་པ་མང་ཙམ་གསོག་འཇོག་བྱེད་པའི་རྨང་གཞིའི་ཐོག དེ་བས་གལ་པོ་ཆེ་ལ་ནན་ཏན་ཚུལ་གྱིས་ཡིག་སྒྱུར་སྤྱི་དང་། ལྷག་པར་རླུང་འཕྲིན་ཡིག་སྒྱུར་གྱི་གཞུང་ལུགས་ལ་སྦྱངས་པ་ཚགས་སུ་ཚུད་པ་དང་ལག་ལེན་དོན་ལ་འཁྱོལ་བ་བྱས་ཏེ། རླུང་འཕྲིན་གྱི་ཁྱད་ཆོས་དང་མཐུན་པའི་དུས་རབས་གསར་པའི་བོད་སྐད་རླུང་འཕྲིན་གྱི་གནམ་ས་གསར་པ་གཏོད་པར་འབད་དགོས་སོ།

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་རིག་རྩལ་པུའི་དབྱངས་ཅན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།