[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཆུང་འཛིན་བདག་གི་ལས་ཀའི་བྱེད་ཕྱོགས་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-10

    སློབ་ཆུང་གི་འཛིན་བདག་ནི་སློབ་མའི་སློབ་སྦྱོང་ཙམ་མ་ཟད་སློབ་མའི་དུས་རྒྱུན་གྱི་འཚོ་བ་དང་། བསམ་བློ་ཀུན་སྤྱོད་སོགས་གང་རུང་ལ་དཔེ་སྟོན་དཔེ་ཁྲིད་ཀྱི་ནུས་པ་འདོན་མཁན་རེད་ལ། སློབ་མའི་ཕྱོགས་གང་ཅིའི་ཐད་ཀྱི་འགན་འཁུར་མཁན་དང་། དོ་དམ་བྱེད་མཁན། མཛུབ་སྟོན་བྱེད་མཁན་ཡང་ཡིན་པས། སློབ་མ་རྣམས་ཉི་མའི་དྲོད་ཁོལ་འོག་བདེ་མ་ཐང་མའི་ངང་འཚར་ལོངས་ཡོང་བར་ཕྱོགས་ངེས་ཅན་ཞིག་ནས་བཤད་ན། འཛིན་བདག་གི་དཔེ་ཁྲིད་མི་སྐྱོང་གི་ནུས་པ་དང་འབྲེལ་བ་ཆེན་པོ་ཡོད། ལྷག་པར་དུ་སློབ་གྲྭའི་སྒོ་ཐེམ་བརྒལ་མ་ཐག་པའི་སློབ་མ་ཆུང་ཆུང་ཞིག་ལ་མཚོན་ན། འཛིན་བདག་ནི་སློབ་མའི་ལྟ་སྐྱོང་བ་ལྟ་བུ་ཞིག་ཡིན་པས། འཛིན་བདག་གི་ཕྲག་ཏུ་བབས་པའི་འགན་འཁྲི་ཧ་ཅང་ལྕི། འདིར་རང་ཉིད་ལོ་མང་གཞི་རིམ་གྱི་སློབ་གསོའི་ལས་དོན་གྱི་འཐབ་ས་མདུན་མར་དཔེ་ཁྲིད་མི་སྐྱོང་གི་ལས་ལ་གཞོལ་བའི་ཉམས་མྱོང་དང་འབྲེལ་ནས། སློབ་ཆུང་གི་འཛིན་བདག་གི་ལས་ཀའི་བྱེད་ཕྱོགས་སྐོར་མདོར་ཙམ་གླེང་བར་འདོད།

    གཅིག སློབ་མའི་ཁྱད་ཆོས་ལ་གཞིགས་ནས་སློབ་གསོ་རྒྱག་དགོས།

    སློབ་མའི་སློབ་སྦྱོང་གི་གནས་ཚུལ་ཙམ་མ་ཟད་བསམ་བློའི་འཁྱེར་སོའམ་ཀུན་སྤྱོད་ལ་རྒྱུས་ཟབ་མོ་ལོན་པ་ནི་འཛིན་གྲྭར་དོ་དམ་བྱེད་མཁན་གྱི་འཛིན་བདག་གི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་མཐོང་། གང་ལགས་ཤེ་ན། སློབ་ཆུང་སློབ་མའི་ཁྱད་ཆོས་གཙོ་བོ་ནི་ལོ་ན་ཆུང་བ་དེ་ཡིན་པས། ལོ་ན་ཆུང་བའི་རྐྱེན་གྱིས། ཁོ་ཚོས་འཇིག་རྟེན་གྱི་བྱ་བ་མང་པོར་རྒྱུས་མངའ་དང་ངོས་འཛིན་གསལ་པོ་མེད་ལ། ལོ་ཚད་ནར་མ་སོན་པའི་ཁར་བསམ་བློའང་ནར་སོན་མེད་པས། ལོ་ཚོད་དེ་ལྟ་བུའི་སློབ་ཆུང་སློབ་མས་རང་གི་བྱ་སྤྱོད་ཅི་ཞིག་བརྩམས་ཀྱང་འགྲིག་མིན་དང་བདེན་རྫུན་ལ་བརྡར་ཤ་གཅོད་ཐུབ་ཀྱི་མེད་ལ། ལེགས་ཉེས་བླང་དོར་འབྱེད་པའི་བློ་མིག་ཀྱང་་གསལ་པོ་མེད། དེ་བས། ཁོ་ཚོས་རང་གིས་བརྩམས་པའི་བྱ་སྤྱོད་ལ་འགན་འཁུར་གྱི་འདུ་ཤེས་མེད་ལ། འགན་འཁུར་གྱི་ནུས་པ་ནི་དེ་བས་ཀྱང་མེད་པས། གལ་ཏེ་འཛིན་བདག་གིས་སློབ་མ་ཆུང་ཆུང་དག་རང་གི་མིག་འོག་ཏུ་བསྲུངས་ནས་ལྟ་སྐྱོང་ཡག་པོ་མ་བྱས་ན། སློབ་མ་ཡང་མིན་ན་རྩེད་མོ་རྩེ་སྐབས་རྨས་སྐྱོན་ཕོག་སྟེ་ཁ་ཆག་སྣ་རལ་གྱི་མཇུག་འབྲས་ཐོན་སྲིད་ལ། ཡང་མིན་ན་རྐང་འཇབ་ལག་འཇབ་ངང་སློབ་གྲྭའི་རྒྱལ་སྒོ་ནས་གྱེས་པའི་དབང་གིས་ཕྱི་ལོག་ཏུ་འཕྲུལ་འཁོར་གྱིས་རྨས་པའམ། ཡང་ན་ལམ་ངོ་མི་ཆོད་པར་བརླག་ཉེན་ཆེ་བས། འཛིན་བདག་གིས་ངེས་པར་དུ་སློབ་མ་དེ་ཚོའི་ཁྱད་ཆོས་ལ་གཞིཌ་ནས་དེར་བསྟུན་གྱི་སློབ་གསོ་རྒྱག་ཐབས་བྱེད་དགོས།

    གཞན་ཡང་། འཛིན་བདག་གིས་སློབ་ཁང་ནང་གི་སློབ་ཁྲིད་དམ། ཡང་ན་སློབ་ཕྱིའི་བྱེད་སྒོ་སྟེ། རོལ་རྩེད་དང་། ངལ་རྩོལ། འཁྲབ་སྟོན་སོགས་ཀྱི་གོ་སྐབས་སྤྱད་ནས་སློབ་མའི་གཤིས་ཀར་རྒྱུས་ལོན་དགོས། དེ་ཡང་། སློབ་མ་གང་ཞིག་སློབ་སྦྱོང་ལ་བརྩོན་སེམས་ཆེ་བ་དང་། གང་ཞིག་ངལ་རྩོལ་ལ་དགའ་ཞེན་ཆེ་བ། གང་ཞིག་ཐུན་མོང་གི་ལས་ཀར་ཧུར་བརྩོན་ཆེ་བ་སོགས་དང་། ཡང་ན་སློབ་མ་གང་ཞིག་གཞན་དང་འབྲེལ་འདྲིས་མི་བྱེད་པ་དང་། གང་ཞིག་གང་བསམ་ལྷུག་གླེང་དང་གཞན་ལ་འབྲེལ་གཏུག་བྱེད་པར་དགའ་བ་སོགས་སློབ་མ་མི་འདྲ་བའི་རྒྱུད་ལ་མངའ་བའི་གཤིས་ཀ་མི་འདྲ་བ་དེ་དག་ལ་འཛིན་བདག་གིས་རྒྱུས་མངའ་ལོན་གང་ཐུབ་བྱེད་དགོས། རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་བྱེད་རིང་། ཉམ་ཆུང་ཞིང་སྐད་ཆར་མི་དགའ་བའི་སློབ་མ་དེ་ཚོར་སྐུལ་ལྕག་གང་མང་བྱས་ཏེ། ཁོ་ཚོའི་བསམ་བློའི་ཐད་ཀྱི་གནོན་ཤུགས་མེད་པར་བཟོ་རོགས་བྱས་ནས་འཛིན་གྲྭ་ཐུན་མོང་གི་བྱེད་སྒོར་ཞུགས་སུ་བཅུག་སྟེ་ཐུན་མོང་གི་དྲོ་སྐྱིད་མྱོང་དུ་འཇུག་དགོས། ཁྱིམ་ཚང་གི་འབྱོར་འཁོས་ཞན་པའི་སློབ་མ་ཞིག་ཡིན་ཚེ། བརྩེ་བ་ཟབ་མོ་དང་། ངང་རྒྱུད་རིང་པོའི་སྒོ་ནས་རོགས་རམ་བྱས་ཏེ། སློབ་སྦྱོང་དང་། འཚོ་བ། དཔལ་འབྱོར་བཅས་ཀྱི་ཐད་འཛིན་གྲྭ་ཐུན་མོང་གིས་དོ་ཁུར་བྱེད་ལུགས་ཚོར་བར་བྱེད་དགོས། རང་ཤེད་ཚ་ཞིང་། གཤིས་ཀ་གྱོང་བའི་སློབ་མ་ཞིག་ཡིན་ཚེ། འཛིན་བདག་གིས་རང་དཔེ་གཞན་སྟོན་དང་། གནས་ལུགས་རྒྱུ་མཚན་དྲངས་ནས་ཁོ་ཚོའི་སེམས་ཀྱི་ཞིང་སར་ཡ་རབས་དང་མཐུན་སྒྲིལ་གྱི་ས་བོན་འདེབས་དགོས།

    གཉིས། ཁྱིམ་བདག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཕན་ཚུན་གཞོགས་འདེགས་བྱེད་དགོས།

    ཁྱིམ་ཚང་ནི་ཕྲུ་གུའི་སློབ་གྲྭ་དང་པོ་དང་། ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་པས། སློབ་མའི་བདེ་ཐང་གི་འཚར་ལོངས་ནི་ཁྱིམ་ཚང་དང་ཁ་འབྲལ་ཐབས་མེད། དེས་ན་སློབ་ཆུང་འཛིན་བདག་གིས་སློབ་མ་ལེགས་ལམ་དུ་འཁྲིད་པའི་སྐབས། རང་གཅིག་པུའི་ནུས་པ་ཁོ་ནར་མ་བརྟེན་པར་ཁྱིམ་ཚང་དང་ཁྱིམ་བདག་གི་གཞོགས་འདེགས་ཐོབ་ཐབས་ཅིས་ནས་ཀྱང་བྱེད་དགོས། གང་ལགས་ཤེ་ན། དེང་གི་དུས་སུ་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་སྤྱི་ཚོགས་ཀྱི་འཚོ་བར་སློབ་མའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་སླ་བའི་གནད་དོན་ཅི་རིགས་འཕྲད་སྲིད། གནད་དོན་དེ་རིགས་ཀྱིས་སྐབས་འགར་ནར་མ་སོན་པའི་སློབ་མའི་སེམས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱིན་ནས། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགོག་རྐྱེན་བཟོ་སྲིད། གནས་ཚུལ་དེ་ལྟའི་སྐབས། འཛིན་བདག་གཅིག་པུར་བརྟེན་ན་ཐག་གཅོད་གནད་འཕིགས་ཤིག་འབྱུང་དཀའ་བས། ངེས་པར་དུ་ཁྱིམ་བདག་གི་རྒྱབ་སྐྱོར་ཐོབ་དགོས་ཤིང་། ཕྱོགས་མང་པོའི་ཐུན་མོང་སྟོབས་ཤུགས་ཕྱར་བར་གྲུ་འདེགས་བྱས་ནས་སློབ་མའི་ལུས་སེམས་བདེ་ཐང་དང་། ཁོ་ཚོར་རིག་པ་གཞོན་དུས་ནས་སློབ་གྲྭའི་དགའ་ཚལ་དུ་ཤེས་རིག་གི་སྦྲང་རྩི་འཐུ་བའི་གོམས་གཤིས་འཇགས་པར་བྱེད་དགོས།

    གསུམ། བསྔགས་བརྗོད་དང་སྐྱོན་བརྗོད་བྱེད་མཁས་པོ་དང་ཚད་རན་པོ་དགོས།

    ཤོད་སྲོལ་ལ། ཤ་ཚའི་ཁ་ལ་གཏམ་སྙན་མེད་ཅེས་ཟེར་ཡང་། ལུས་སེམས་གཉིས་ཀ་འཚར་ལོངས་ཡོང་བཞིན་པའི་སློབ་ཆུང་སློབ་མར་ཤ་ཚའི་ཁ་ལ་གཏམ་སྙན་མེད་ཅེས་པའི་གཏམ་དཔེ་འདི་ཁྱེར་ནས། གཏམ་ངན་འབའ་ཞིག་གིས་སློབ་གསོ་བརྒྱབ་ན་དེ་ལ་ཕན་འབྲས་བཟང་པོ་ཞིག་ཐོན་རྒྱུ་ལྟ་ཞོག དེ་ལས་སློབ་མས་དགེ་རྒན་ལ་སུན་སྣང་སྐྱེ་བ་དང་། སློབ་སྦྱོང་ལ་ཡིད་མུག་པའི་སྣང་ཚུལ་ཐོན་སྲིད། དེར་བརྟེན། ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་གྱིས་སློབ་མར་སྐྱོན་བརྗོད་དང་བསྔགས་བརྗོད་བྱེད་པ་ནི་གལ་འགངས་ཧ་ཅང་ཆེ། ལྷག་པར་དུ། སློབ་ཆུང་སློབ་མ་ནི་ན་ཚོད་ཕྲ་བས་གཟི་བརྗིད་དང་སྔོན་ཐོན་བརྩོན་ལེན་བྱེད་པར་སྤྲོ་ཞིང་། བསྔགས་བརྗོད་ཀྱི་གཏམ་ལ་དགའ་བའི་ཁྱད་ཆོས་ལྡན་ཡོད། དེས་ན། དགེ་རྒན་གྱི་བསྔགས་བརྗོད་དང་སྐུལ་ལྕག་གི་གཏམ་ནི་ཁོ་ཚོའི་ངོས་ནས་བརྗོད་ན། གཟི་བརྗིད་དང་མཚན་སྙན་ཆེན་པོ་ཞིག་ཡིན་པ་མ་ཟད། བསྔགས་བརྗོད་དང་སྐུལ་ལྕག་གི་གཏམ་དེ་དག་གིས་ཁོ་ཚོར་ཡར་བརྩོན་གྱི་བསམ་པ་སྐྱེ་སྲིད།

    དེ་བཞིན་དུ་སློབ་ཆུང་སློབ་མའི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས། བསམ་བློ་ཀུན་སྤྱོད། སློབ་སྦྱོང་གི་རྨང་གཞི་སོགས་གྲིས་གཏུབས་པ་བཞིན་གཅིག་པ་མ་ཡིན་པར་མཛུབ་མོ་ལྔ་བཞིན་རིང་ཐུང་ཡོད་པ་ཤ་སྟག་ཡིན་པས། འཛིན་བདག་གིས་ཡུག་གཅིག་ཏུ་བསྔགས་བརྗོད་སྟབས་བདེ་ཞིག་བྱེད་པའམ། ཡང་ན་ཁྱོན་ཡོངས་ལ་སྐྱོན་བརྗོད་དྲག་པོ་བྱེད་པ་སོགས་ཐབས་ལ་མི་མཁས་པའི་བསྔགས་བརྗོད་དང་སྐྱོན་བརྗོད་བྱ་མི་ཉན། འཛིན་བདག་གིས་སློབ་མའི་རང་གཤིས་ལ་བརྩི་འཇོག་དང་། སློབ་མ་ཕན་ཚུན་དབར་གྱི་ཁྱད་པར་ལ་ཡང་དག་པའི་ལྟ་ཚུལ་བཟུང་ནས། བསྔགས་བརྗོད་མང་ཙམ་བྱེད་དགོས་ཤིང་། ནོར་འཁྲུལ་ཡོ་བསྲང་གཏན་ནས་མི་བྱེད་པའི་རིགས་ལའང་སྐྱོན་བརྗོད་འོས་འཚམ་བྱེད་དགོས་པ་ལས། ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱ་མི་འོས་པར་སློབ་མར་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོ་སྐབས་དང་ཆ་རྐྱེན་སྐྲུན་དགོས།

    མདོར་ན། དགེ་རྒན་བཟང་པོ་ནི་དཔག་བསམ་ཤིང་དང་འདྲ་བས། འཛིན་བདག་གིས་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་བསམ་པ་བླ་ལྷག་བཅངས་ནས་རང་དཔེ་གཞན་སྟོན་གྱིས་སློབ་མ་གསོ་སྐྱོང་བྱེད་པ་གལ་འགངས་ཤིན་ཏུ་ཆེ། དེ་བས་སློབ་ཆུང་གི་འཛིན་བདག་ཅིག་ཡིན་ཚེ། མི་སྐྱོང་དཔེ་ཁྲིད་ཀྱི་འགན་འཁྲི་དེ་བས་ལྕི་སྟེ། སློབ་མའི་སློབ་སྦྱོང་ཙམ་མ་ཡིན་པར་བསམ་སྤྱོད་གཉིས་ཀར་དོ་སྣང་མང་ཙམ་བྱེད་དགོས་པ་གནད་དམ་པར་འཁུམས་སོ།

    (དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ལྟེ་བའི་སློབ་ཆུང་གི་བོད་ཡིག་སློབ་དཔྱོད་ཁང་གི་ཉི་ཕན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།