[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ལོ་ཙཱའི་ལག་ལེན་ཁྲོད་རིག་གནས་ཀྱི་ཁྱད་པར་མཚོན་པའི་མིང་དོན་སྐོར་གྱི་བསྒྱུར་ཐབས་ལ་ཅུང་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་ཚེ་རིང་།    |    སྤེལ་དུས།   2019-12-25

    ལོ་ཙཱའི་བྱ་བ་དེ་སྐད་གཉིས་ཕན་ཚུན་བསྒྱུར་བ་ལྟར་དུ་སྣང་ཡང་། ཞིབ་པར་བསམས་ཚེ་རིག་གནས་གང་ཞིག་གི་བསྟན་དོན་སྐད་ཡིག་གཅིག་ནས་སྐད་ཡིག་གཞན་ཞིག་ཏུ་མི་ནོར་བར་གོ་བརྡ་གསལ་པོར་སྤྲོད་དགོས་པ་ཞིག་ཡིན། ཅིའི་ཕྱིར་ཞེ་ན། སྐད་ཡིག་ཉིད་རང་རང་གི་སྐད་གཤིས་དང་བསྟུན་ནས་ཆགས་པའི་གཏན་ཆགས་ཀྱི་མིང་དང་ཚིག་ལས་གྲུབ་པ་དང་། དེ་ལ་བརྟེན་ནས་རང་རང་གི་བསམ་པའི་བརྗོད་དོན་བརྡ་སྤྲོད་ཐབས་མི་འདྲ་ལ། མི་རིགས་སོ་སོའི་བསམ་པའི་འཁྱེར་སོ་དང་ལྟ་གྲུབ་ཀྱང་མི་གཅིག་པ་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ལས་མ་འདས་ཤིང་། དེ་ཡང་མཐར་གཏུགས་ན་མི་རིགས་རང་ཉིད་ཀྱི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་མཚོན་པའི་ཕྱིར། བོད་ལ་མཚོན་ན། སྔར་ལོ་པཎ་བཀའ་དྲིན་ཅན་ཚོས་སྒྲ་རིག་པ་དང་། བཟོ་རིག་པ། གསོ་བ་རིག་པ། ནང་རིག་པ་སོགས་སྐད་རིགས་གཞན་ནས་རང་ཅག་བོད་ཀྱི་སྐད་དང་ཡི་གེར་བསྒྱུར་བ་ནི་དོན་དུ་རིག་གནས་བསྒྱུར་བ་ཞིག་ཡིན་ནོ།

    སྐབས་འདིར་བརྗོད་པའི་རིག་གནས་ཀྱི་ཁྱབ་ཁོངས་སུ་ཡུལ་སྲོལ་གོམས་གཤིས་དང་། ཁྲིམས་ལུགས། ཚན་རིག ལག་རྩལ། ཆོས་ལུགས་དད་མོས། སྒྱུ་རྩལ། འཇིག་རྟེན་ལྟ་ཚུལ་སོགས་ནང་དོན་ཕུན་སུམ་ཚོགས་པོ་འདུས་ཡོད་ཀྱང་། དེ་དག་ཐམས་ཅད་ཀྱི་བརྗོད་དོན་སྐད་དང་ཡི་གེར་བརྟེན་ནས་སྟོན་དགོས་ཀྱི་ཡོད། དེས་ན། ཡིག་སྒྱུར་སྐབས་རིག་གནས་ཀྱི་ཁྱད་པར་མཚོན་པའི་བརྗོད་དོན་བསྒྱུར་བའི་སྐབས་སུ་སྐད་དང་ཡི་གེའི་ཕྱིའི་བསྟན་དོན་ཙམ་ལ་གཞི་མ་བཅོལ་བར་དེས་བསྟན་པའི་རྒྱབ་ཕྱོགས་ཀྱི་ནང་དོན་ལ་བསམ་གཞིག་བྱེད་དགོས། དེ་ནི་མི་རིགས་སོ་སོའི་ཐུན་མིན་གྱི་རིག་གནས་ཁྱད་ཆོས་དང་འབྲེལ་བ་ཡོད་པས་སྐབས་བབ་ཀྱི་བརྗོད་དོན་སྒྲོ་སྐུར་མེད་པར་གསལ་བར་མཚོན་པར་བྱེད་པ་ནི་ལོ་ཙཱའི་རྩ་དོན་ཡིན་ལ་ཚད་གཞི་དང་ཡང་མཐུན་པ་ཞིག་ལགས།

    རིག་གནས་ཀྱི་སྣང་ཚུལ་ཞེས་པ་གང་འདྲ་ཞིག་ལ་ཟེར་རམ་ཞེ་ན། དཔེ་མཚོན་ཆུང་ངུ་ཞིག་གིས་བརྗོད་པར་བྱ་སྟེ། དུས་རྒྱུན་བོད་པའི་ཁ་རྒྱུན་དུ་རྒན་ལགས་ཞེས་བརྗོད་པ་ལོ་ན་རྒན་པའི་དོན་མི་སྟོན་པར་ཡོན་ཏན་དང་གཤིས་སྤྱོད་ཀྱི་ཆ་ནས་རྒན་པའི་དོན་བསྟན་ལ། དེ་ལྟར་བརྗོད་པས་ཕ་རོལ་ལ་སྙིང་ཉེ་བའི་གུས་བརྩིའི་རྣམ་པ་མཚོན་པའང་ཡིན་པས། བོད་པའི་འཇིག་རྟེན་ལྟ་ཚུལ་དང་འབྲེལ་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པར་བརྗོད་ཆོག་པ་ལྟ་བུའོ། དེ་བཞིན་དུ་པཱ་ལགས་དང་ཨ་མ་ལགས། གཅེན་པོ་དང་གཅུང་མོ་ལ་སོགས་བརྗོད་པའི་ཚེ་སྐབས་རེ་ཚིག་ངོས་ཀྱི་དོན་མི་སྟོན་པར་གཞན་ལ་གུས་བཀུར་གྱི་རྣམ་པ་མཚོན་པའི་འབོད་སྒྲ་ཡིན་པས། དེ་ནི་བོད་ཀྱི་འཚོ་བའི་གོམས་གཤིས་ལས་མངོན་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ལགས།

    དེ་འདྲའི་སྣང་ཚུལ་སྐད་རིགས་ནང་མང་དུ་འབྱུང་སྲིད་པས། ལོ་ཙཱའི་ལག་ལེན་ཁྲོད་བསྒྱུར་བྱའི་སྐད་དང་སྒྱུར་བྱེད་སྐད་གཉིས་ཕན་ཚུན་སྒྱུར་བའི་སྐབས། མ་ཡིག་གི་བསྟན་དོན་ལེགས་པར་རྟོགས་པའི་རྨང་གཞིའི་ཐོག རིག་གནས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིག་ཟབ་མོ་བྱས་ནས་བསྒྱུར་ཚེ། འགྱུར་ཉེས་པ་དང་འགྱུར་ལོག་པའི་སྐྱོན་ཐོན་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་འགྱུར་སྤུས་དག་ཞིག་གི་ཚད་དུ་སླེབས་སྲིད། དཔེར་ན། 她是一只狐狸ཞེས་བརྗོད་པའི་ཚེ། མོ་ནི་ཝ་མོ་ཞིག་རེད་ཅེས་ཐད་ཀར་བསྒྱུར་ན་བོད་སྐད་ནང་མ་ཡིག་གི་བརྗོད་དོན་ཇི་བཞིན་མཚོན་ཐུབ་མེད། གང་ལགས་ཤེ་ན། ཝ་མོ་ཞེས་བརྗོད་པ་ཙམ་གྱིས་དེའི་མཚོན་དོན་གསལ་བར་བསྟན་ཐུབ་མེད་པའི་ཕྱིར་རོ། སྤྱིར་རྒྱ་སྐད་ནང་狐狸ཞེས་པས་གཡོ་སྒྱུའི་རང་བཞིན་མཚོན་པ་དེ་བོད་སྐད་ནང་ཡང་དག་པར་བསྒྱུར་ཚེ། སྣོན་སྒྱུར་གྱི་ཐབས་སྤྱད་ནས་མོ་ནི་གཡོ་ཅན་ཝ་མོ་ཞིག་རེད་ཅེས་ཝ་མོའི་མིང་གི་སྔོན་ལ་གཡོ་ཅན་ཞེས་པའི་ཚིག་བསྣན་ན། རྒྱ་སྐད་ཀྱི་ཝ་མོའི་མཚོན་དོན་ལེགས་པར་མངོན་ཐུབ། དེ་བཞིན་རྒྱ་སྐད་ཀྱི་胆小如鼠ཞེས་པ་དང་། བོད་སྐད་ཀྱི་རི་བོང་བློ་ལྡན་ཞེས་པ། དབྱིན་སྐད་ནང་གྲོགས་པོ་བཟང་པོའམ་སྤྱང་གྲུང་ལྡན་པ་མཚོན་བྱེད་དུ་ཁྱི་ཞེས་བརྗོད་པ་ལྟ་བུ་ཙི་ཙི་དང་རི་བོང་། ཁྱི་སོགས་སྲོག་ཆགས་ཀྱིས་རང་རང་གི་སྐད་ཡིག་ནང་བསྟན་པའི་དོན་ཡང་སྙིང་ཆུང་བ་དང་། བློ་གྲོས་ལྡན་པ། སྤྱང་གྲུང་འཛོམས་པ་སོགས་མི་འདྲ་བ་ཡོད།

    གཞན་ཡང་། ཁ་དོག་གི་མཚོན་ཚུལ་ལས་མི་རིགས་སོ་སོའི་རིག་གནས་ཀྱི་ཁྱད་པར་ཡང་མངོན་སྟབས། དེ་འདྲའི་རྗོད་བྱེད་ཚིག་གི་རིག་གནས་ཀྱི་བསྟན་དོན་ལ་བསམ་གཞིག་བྱེད་དགོས་ཏེ། དཔེར་ན། 毛主席最亲,太阳最红ཞེས་པའི་རྒྱ་སྐད་ཀྱི་བརྗོད་སྟངས་དེར་བསམས་ཚེ། ཐད་སོར་ཚིག་ངོས་ལ་བལྟས་ནས་མའོ་ཀྲུའུ་ཞི་ནི་བྱམས་བརྩེ་ཆེ་ཤོས་དང་ཉི་མ་ནི་དམར་མདངས་ཆེ་ཤོས་ཡིན་ཞེས་བསྒྱུར་ཚེ། ཚིག་སྔ་མའི་དོན་མའོ་ཀྲུའུ་ཞི་ནི་བྱམས་བརྩེ་ཆེ་ཤོས་ཞེས་པ་བོད་པས་གོ་བར་ནུས་ཀྱང་། ཕྱི་མའི་དཔེ་ཉི་མ་ནི་དམར་མདངས་ཆེ་ཤོས་ཡིན་ཞེས་པར་བོད་པས་གོ་བ་ལེན་དཀའ་བར་གྱུར་ཏེ། བོད་སྐད་ནང་དམར་པོའི་དོན་ནི་དཔེར་ན། ལག་དམར་བ་དང་དམར་ཤེད་ལྟ་བུ་མི་ལེགས་པའི་དོན་ལའང་འཇུག་གི་ཡོད། དེས་ན་མའོ་ཀྲུའུ་ཞིས་ཉི་མ་བཞིན་དྲོ་སྐྱིད་སྦྱིན་ཞེས་བསྒྱུར་ཚེ་བོད་འདི་གྲང་བའི་ས་མཐོར་གནས་པ་དང་བསྟུན་ཏེ་ཉི་མ་བཞིན་དམར་མདངས་ཆེ་ཤོས་ཡིན་ཞེས་པ་ལས་ཉི་མ་བཞིན་དྲོ་སྐྱིད་སྦྱིན་ཞེས་བསྒྱུར་ན། བོད་པའི་སེམས་ཁམས་དང་མཐུན་ལ་རིག་གནས་ཀྱི་ཁྱད་པར་ཡང་མི་འཕྱུགས་པར་མངོན་པ་ཡིན་ནོ།

    མདོར་ན། གོང་གསལ་གྱི་དཔེ་མཚོན་ཆུང་ངུ་དག་ལས་ལོ་ཙཱའི་གནས་སྐབས་སུ་སྐད་ཡིག་མི་འདྲའི་དབར་གྱི་བསྟན་དོན་མཚོན་ཐབས་དང་རིག་གནས་མི་འདྲའི་ཁྱད་པར་དང་བསྟུན་ནས་བསྒྱུར་རྒྱུ་ནི་ལོ་ཙཱའི་ལག་ལེན་ཁྲོད་གནད་འགག་ཆེན་པོ་ཞིག་ཏུ་མཐོང་ངོ་།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ། པ་སངས་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།