[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • དེང་དུས་ཀྱི་ལོ་ཙཱ་བར་ལྡན་དགོས་པའི་ཆ་རྐྱེན་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-23

    སྤྱིར་ལོ་ཙཱ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ཏེ། བོད་སྐད་དུ་སྐད་གཉིས་སྨྲ་བ་ཞེས་པའི་དོན་ཡིན། དེ་ནི་སྐད་དང་ཡི་གེ་མི་གཅིག་པའི་མི་རིགས་སོ་སོའམ་རྒྱལ་ཁབ་སོ་སོའི་དབར་ཕན་ཚུན་བསམ་བློ་བརྗེ་རེས་དང་གནས་ཚུལ་རྒྱུས་ལོན། ལག་རྩལ་སྤེལ་རེས། རིག་གནས་ཁྱབ་གདལ་གཏོང་བ་སོགས་ལ་མེད་དུ་མི་རུང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ཡིན། དེས་ན། ཚད་མཐུན་གྱི་ལོ་ཙཱ་བ་ཞིག་བྱེད་པར་ཆ་རྐྱེན་གང་དག་ལྡན་དགོས་མིན་ཐད་མདོ་ཙམ་གླེང་བར་བྱའོ།

    གཅིག སྐད་ཡིག་གཉིས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་པ།

    ཕྱི་སྐད་གཅིག་བྱང་ཆུབ་པའི་ཁར་རང་མི་རིགས་ཀྱི་སྐད་ཡིག་བྱང་ཆུབ་པ་ཞིག་དགོས་པའི་རྨང་གཞིའི་སྟེང་། མི་རིགས་གང་དེའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་རྒྱབ་ལྗོངས་ཀྱི་ཤེས་བྱའང་གང་ལ་གང་འཚམ་རྒྱུས་མངའ་ལོན་དགོས། མིག་སྔར་རང་རེའི་ཡིག་སྒྱུར་གྱི་ལས་དོན་གཙོ་བོ་ནི་རྒྱ་བོད་ཡིག་རིགས་གཉིས་ཕན་ཚུན་ཕབ་སྒྱུར་དང་ཁྱད་པར་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བའི་ལས་ཡིན་པས་ཡིག་སྒྱུར་བས་དང་ཐོག་ཡིག་རིགས་དེ་གཉིས་ལ་སྦྱངས་པ་གང་མང་བྱེད་དགོས། དེ་ཡང་དེང་རབས་རྒྱ་སྐད་ཀྱི་ཡིག་སྐད་འགྲོ་ལུགས་སྤྱི་དང་བྱེ་བྲག་ཐ་སྙད་དང་། ཚིག་གྲུབ། ཚིག་སྦྱོར། འབྲུ་དོན་སོགས་དང་། དེ་བཞིན་འབྲུ་གཅིག་སྒྲ་མང་དང་ཚིག་གཅིག་དོན་མང་ལ་འཇུག་པའི་ཡིག་འབྲུ་དང་ཚིག་རྐང་གང་མང་ཁོང་དུ་ཆུད་པ། བརྡ་དག་མིང་ཚིག་གསར་རྙིང་བློར་ངེས་པས་མི་ཚད་རྒྱ་ཡིག་བརྡ་རྙིང་དང་ཚིག་བཅད་སྙན་ངག་ལའང་སྦྱངས་པ་ངེས་ཅན་ཞིག་ཡོད་པ་བཅས་ཀྱི་ཆ་རྐྱེན་དགོས་པ་འདུག དེ་དང་འདྲ་བར་ལོ་ཙཱ་བས་བོད་ཡིག་ཤེས་པ་ཙམ་གྱིས་དམངས་ཁྲོད་ཀྱི་སྐད་ཆ་ཤོད་སྟངས་དང་མིང་ཚིག་ཐ་སྙད། དེ་བཞིན་བོད་ཡིག་གི་ཡིག་གཞུང་རྙིང་པ་དང་། སྒྲུང་དཔེ། ཆོས་དཔེ། གཞུང་ཡིག ལོ་རྒྱུས། ཐ་ན་སྨན་གཞུང་དང་རྩིས་གཞུང་ལ་སོགས་དཔེ་ཆ་གང་མང་ལ་ལྟ་དགོས།

    གཉིས། ཆེད་ལས་ཅན་དང་རྒྱ་ཆེ་གཏིང་ཟབ་ཀྱི་ཤེས་བྱ་ཁོང་དུ་ཆུད་དགོས་པ།

    ཆེད་ལས་ཅན་དང་རྒྱ་ཆེ་གཏིང་ཟབ་ཀྱི་ཤེས་བྱ་ཁོང་དུ་ཆུད་དགོས་ཞེས་པ་ནི་ཆབ་ཆོབ་བཅུ་གསུམ་གྱི་ཤེས་བྱ་ཁོང་དུ་ཆུད་དགོས་པ་དེ་ལ་གོ་ཞིང་། དེའི་ནང་གི་ཆེད་ལས་ཅན་ཞེས་པ་ནི་ཆེད་ལས་ག་གེ་མོ་ཞིག་གི་སྟེང་རྐང་པ་ཚུགས་པའི་ཡིག་སྒྱུར་མཁན་ནམ་ཞིབ་འཇུག་མཁན་སོགས་གང་རུང་ཞིག་གི་རང་ཉིད་ཀྱི་ཆེད་ལས་དེར་ཅུང་གཏིང་ཟབ་པའི་རྒྱུས་མངའ་དང་བྱང་ཆ་ཡོད་དགོས་པ། མདོར་ན། སྐད་ཡིག་གཉིས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་པ་ཕུད་རིག་གནས་གཞན་དག་ལའང་རྒྱུས་མངའ་དང་ཤེས་རྟོགས་དགོས་ཤིང་། ཡི་གེ་སྒྱུར་སྐབས་གཏན་ཚིགས་མི་ཉམས་པ། སྐད་ཆའི་གོང་འོག་མཐུད་ཐུབ་པ། ཁ་གསལ་གོ་བདེ་བཅས་དང་། ཀློག་པ་པོས་ལྟ་ཀློག་བྱེད་སྐབས་ཀློག་པ་པོའི་སྣང་ངོར་སྒྱུར་བཞག་པ་ཞིག་མ་ཡིན་པར་བརྩམས་བཞག་པའི་སྣང་བ་ཞིག་སྦྱིན་ཐུབ་རྒྱུར་འབད་དགོས།

    གསུམ། གང་འཚམ་གྱི་རྩོམ་འབྲིའི་ནུས་པ་ལྡན་དགོས་པ།

    ལོ་ཙཱ་བ་ཞིག་ལ་རྩོམ་འབྲིའི་ནུས་པ་ངེས་ཅན་ཞིག་ལྡན་དགོས་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། གལ་ཏེ་ལོ་ཙཱ་བ་ཞིག་ལ་རྩོམ་འབྲིའི་ནུས་པ་ངེས་ཅན་ཞིག་མ་ལྡན་ཚེ་རང་ཉིད་སྐད་ཡིག་གཉིས་ལ་ཧ་ཅང་བྱང་ཆུབ་པ་དང་རིག་གནས་གཞན་དག་ལའང་རྒྱུས་མངའ་དང་ཤེས་རྟོགས་ག་ཚོད་ཡོད་རུང་ཡི་གེ་སྒྱུར་སྐབས་སྐད་ཆ་གོང་འོག་མཐུད་མི་ཐུབ་པ་དང་གཅོད་མཚམས་ཉམས་པ། ཚིག་སྦྱོར་མི་བདེ་བ་སོགས་ཀྱི་རྩོམ་ཡིག་གི་གསོན་ཉམས་བརླག་འགྲོ་ཡི་ཡོད་པ་མ་ཟད། ཐ་ན་མ་ཡིག་གི་དོན་ཡང་བརླག་སྲིད། ཡིག་སྒྱུར་སྐབས་ངེས་པར་དུ་རྩ་བའི་ཆ་ནས་གོ་རིམ་ཆེན་པོ་གཉིས་བརྒྱུད་དགོས་ཏེ། དང་པོ་བསྒྱུར་བྱའི་མ་ཡིག་ལ་གོ་བ་མཐིལ་ཕྱིན་པ་ཞིག་ལེན་རྒྱུ་དང་། གཉིས་སུ་རྗོད་བྱེད་ཚིག་གིས་བརྗོད་བྱའི་བསྟན་དོན་མཚོན་ཐབས་བྱེད་པ་དེ་ཡིན། དེ་ནི་རྒྱུན་དུ་གླེང་བའི་གོ་བ་ལེན་པ་དང་མཚོན་པ་ཞེས་པ་དེ་ཡིན། གལ་ཏེ་ལོ་ཙཱ་བར་རྩོམ་འབྲིའི་ནུས་པ་ངེས་ཅན་ཞིག་མ་ལྡན་ཚེ་མ་ཡིག་གི་རྩོམ་ཉམས་གཏོད་ཚུལ་དང་བརྡ་སྤྲོད་ཀྱི་འགྲོ་སྟངས་སོགས་མ་རྟོགས་པས་རྗོད་བྱེད་ཚིག་གིས་མ་ཡིག་གི་བསྟན་དོན་མཚོན་ཐབས་བྲལ་བ་ཞིག་རེད། མདོར་ན། ཡིག་སྒྱུར་གྱི་བརྒྱུད་རིམ་ཁྲོད་ལོ་ཙཱ་བ་རང་ཉིད་ལ་གང་འཚམ་གྱི་རྩོམ་འབྲིའི་ནུས་པ་ལྡན་དགོས་ངེས་ཤིག་ཡིན་པ་དང་རྩོམ་འབྲིའི་ནུས་པ་ནི་ལོ་ཙཱ་བར་ལྡན་དགོས་པའི་རྨང་གཞིའི་ཆ་རྐྱེན་ཞིག་ཡིན།

    བཞི། མང་ཚོགས་ཀྱི་སྐད་ཆའི་ཤོད་སྲོལ་དང་མིང་ཚིག་ཐ་སྙད་གང་མང་ཁོང་དུ་ཆུད་དགོས་པ།

    མང་ཚོགས་ཀྱི་ཤོད་སྲོལ་དང་མིང་ཚིག་ཐ་སྙད་གང་མང་ཁོང་དུ་ཆུད་པ་བྱུང་ན་སྒྱུར་ཡིག་ཉམས་འགྱུར་ལྡན་པ་ཞིག་དང་ཀློག་པ་པོས་གོ་བདེ་བ། དྲིལ་བསྒྲགས་ཀྱི་ཕན་ནུས་བཟང་པོ་ཞིག་ཡོང་ངེས་ཡིན་པས། རང་རེས་དུས་རྟག་ཏུ་དོ་སྣང་ཞིབ་ནན་གྱིས་མང་ཚོགས་ཀྱི་སྐད་ཆའི་ཤོད་སྟངས་ལ་སློབ་སྦྱོང་ཟབ་མོ་བྱེད་དགོས། སྤྱིར་ན་མང་ཚོགས་ཀྱི་ངག་ཐོག་ཏུ་ཡོད་པའི་ཐ་སྙད་རྣམས་ཡིག་སྲོལ་དུའང་ཡོད། གལ་སྲིད་མང་ཚོགས་ཀྱི་ཁྲོད་ནས་འཚོ་བཅུད་མ་བླངས་ཚེ་སྒྱུར་ཡིག་ནང་རང་དགར་བཟོས་པའི་ཐ་སྙད་ཡ་མ་གཟུགས་སྣ་ཚོགས་ཐོན་གྱི་ཡོད། དཔེར་ན། རྒྱ་རིགས་ཀྱི་སྐད་ཆའི་ནང་དུ་ཧ་ཅང་ཉུང་བའི་རིགས་ལ“བ་དགུ་དང་སྤུ་གཉིས” “九牛二毛”ཞེས་དཔེ་ཡི་སྒོ་ནས་གསལ་བཤད་བྱས་མོད། བོད་རང་ལ་བ་དགུ་དང་སྤུ་གཉིས་ཞེས་བཤད་སྲོལ་མེད་པས་ཐད་སྒྱུར་བྱེད་མི་རུང་བར་ངེས་པར་དུ“རྒྱ་མཚོའི་ཆུ་ཐིགས”སམ“ས་ཡི་རྡུལ་ཕྲན”ཞེས་བོད་རང་གི་བཤད་སྲོལ་ལྟར་བསྒྱུར་དགོས།

    ལྔ། རིག་པའི་གནས་སྤྱི་ལ་མཐོང་རྒྱ་དང་ཐོས་རྒྱ་ལྡན་དགོས།

    《སྐད་གཉིས་སྨྲ་བའི་སྒྲོན་མེ》ལས་ཡིག་སྒྱུར་བྱེད་པར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་མཁས་དགོས་པ་རྩ་བའི་ཆ་རྐྱེན་དང་། དེའི་སྟེང་དུ་རིག་པའི་གནས་སྤྱི་ལ་མཐོང་རྒྱ་དང་ཐོས་རྒྱ་ཆེ་ཙམ་དགོས་པའི་སྐོར་འཁོད་ཡོད། དེ་ཡང་རིག་པའི་གནས་སྤྱི་ལ་མཐོང་རྒྱ་ཐོས་རྒྱ་དགོས་ཞེས་པ་ནི་ཡིག་སྒྱུར་མཁན་གྱིས་བྱེ་བྲག་རིག་ཚན་སྣ་ཚོགས་རྟོགས་དགོས་རྒྱུ་དེ་ཡིན་པར་བཤད། ལོ་ཙཱ་བ་ནི་མཐོང་ཐོས་དྲན་རེག་ཆེ་བའི་ཆབ་ཆོབ་བཅུ་གསུམ་ཡིན་ཞེས་པ་ནི་རྒྱུ་མཚན་མེད་པ་མིན་པས། དེས་ན་ལོ་ཙཱ་བ་གང་ཞིག་གིས་ནམ་ཞག་འཁོར་བའི་རྒྱུན་དུ་རིག་ཚན་སྣ་ཚོགས་དང་འབྲེལ་བའི་ཤེས་བྱ་ཀུན་ལ་དོ་སྣང་བྱས་ཏེ་ཡུལ་ལུང་སོ་སོའི་ས་བབ་དང་ལོ་རྒྱུས། སྲིད་འབྱོར་རིག་གསུམ་ཚན་རྩལ་རིག་པའི་རྒྱུན་ཤེས་སོགས་ཀྱི་ཤེས་བྱ་ཕུན་སུམ་གང་ཚོགས་ལྡན་དགོས།

    དྲུག ལོ་ཙཱའི་སེམས་བསྐྱེད་བཟང་པོ་ཞིག་ལྡན་དགོས་པ།

    ལོ་ཙཱ་བ་ཞིག་ཡིན་ཚེ་མ་ཡིག་གི་གདམ་ག་ནས་བསྒྱུར་ཡིག་གི་མཚོན་སྟངས་བར་ཚང་མ་ཀློག་པ་པོར་བསྟུན་ནས་གཏན་འཁེལ་བྱེད་དགོས་པ་དང་ཀློག་པ་པོའི་འདོད་པ་དོན་གཉེར་བྱེད་ཐུབ་པའི་ནུས་པ་ཞིག་ཐོན་དགོས། ཀློག་པ་པོ་ནི་ལོ་ཙཱ་བའི་ཞབས་འདེགས་ཞུ་ཡུལ་ཞིག་ཡིན། ཡིག་སྒྱུར་གྱི་ཆེད་དུ་ཡིག་སྒྱུར་བྱས་པ་མ་ཡིན་པར་དེ་ནི་ཀློག་པ་པོའི་ཆེད་བསྒྱུར་བ་ཞིག་ཡིན་པས། དེར་བརྟེན་ལོ་ཙཱ་བས་ཡི་གེ་སྒྱུར་སྐབས་དུས་དང་རྣམ་པ་ཀུན་ཏུ་ཀློག་པ་པོ་རྩ་བའི་རྩེར་འཁྱེར་བ་དང་། ཀློག་པ་པོ་དང་ཉེ་བཅར། ཀློག་པ་པོའི་བསམ་འཆར་དང་ལེན་བྱེད་པ་བཅས་བྱས་ནས་ཀློག་པ་པོའི་ཡིད་དབང་འགུག་ཐུབ་པ་བྱེད་དགོས། སྐུ་ཞབས་ཡན་ཧྥུ་ཡིས“ལོ་ཙཱ་བགྱི་བ་ལ་སེམས་བཟང་པོ་བྱ་རྒྱུ་དེ་ཀློག་པ་པོའི་ལུས་ཐོག་ཏུ་འཇོག་རྒྱུའི་འདོད་པ་འཛིན་དགོས”ཞེས་གསུངས་ཡོད། མདོར་ན། ཡིག་སྒྱུར་མཁན་ཞིག་ལ་ཀློག་པ་པོར་འགན་འཁུར་གྱི་བསམ་པ་དང་རང་མི་རིགས་ཀྱི་ཆེད་ལེགས་སྐྱེས་ཕུལ་འདོད་ཀྱི་ལོ་ཙཱའི་སེམས་བསྐྱེད་བཟང་པོ་ཞིག་ལྡན་དགོས་པ་ལས། རང་ཉིད་ཀྱི་ཁེ་གྲགས་ཆེད་ཡི་གེ་བསྒྱུར་བ་ཡིན་སྙམ་པའི་བསམ་པའི་སྐུལ་སློང་ཞིག་ཁྱེར་ནས་ཡི་གེ་བསྒྱུར་ཚེ། རང་ཉིད་ཀྱི་འགྱུར་མ་དེ་ཀུན་གྱི་ལྟ་མི་འདོད་པའི་ཟོག་རོ་ཞིག་ཏུ་འགྱུར་རྒྱུ་ཉག་ཅིག་ཡིན་པས་དེས་ན་ལོ་ཙཱ་བ་ཞིག་ལ་ལོ་ཙཱའི་སེམས་བསྐྱེད་བཟང་པོ་ཞིག་ལྡན་དགོས།

    (ལྗོངས་ཚན་རྩལ་མཐུན་ཚོགས་མིག་དམར་ཆུང་བདག) 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།