[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཞིབ་འཇུག་དང་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-17

    ཉིན་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་བླ་མ་སྐྱེས་ཆེན་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཆའི་དགེ་རྒན། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་དང་བཞུགས་མོལ་གནང་སྟེ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཆེད་མཉམ་གྲོས་མཉམ་ཞིབ་དང་སེམས་ནུས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག པཎ་ཆེན་རིན་པོ་ཆེས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོད་ཟེར་འོག་བོད་ཀྱི་ཆོས་དད་རང་མོས་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་འགན་ལེན་གང་ལེགས་ཐུབ་པ་དང་། ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ཚང་མ་འཕེལ་རྒྱས་འདྲ་མཉམ་གཏོང་བ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་རིག་དངོས་སྲུང་སྐྱོང་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་ཀྱི་དཔེ་མཚོན་དང་མྱོང་ཚོར་ཟབ་མོ་གླེང་བ་རེད། ཚོགས་ཞུགས་མི་སྣས་རང་སོ་སོའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་། བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ། ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ་སོགས་ཀྱི་སྐོར་ལ་རང་རང་སོ་སོའི་ལྟ་སྟངས་གང་བསམ་ལྷུག་པོར་གླེང་བ་རེད།

    པཎ་ཆེན་རིན་པོ་ཆེས་གསན་གྱིན་དུ་ཟིན་བྲིས་བསྐྱོན་པ་མ་ཟད། སྐབས་སྐབས་སུ་བཀའ་མོལ་དང་བཀའ་འདྲི་ཡང་ཡང་གནང་ཞིང་། ཁོང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་བཅངས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཤེས་རྟོགས་གཏིང་ཟབ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཆེ་རུ་བཏང་ནས། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་དེ་བས་སྲུང་སྐྱོང་ནུས་ལྡན་བྱེད་དགོས། རང་འཁྲིའི་ངེས་གནས་གཏན་འཁེལ་དང་དུས་རབས་ཀྱི་བརྗོད་དོན་ལ་ལན་ཡག་པོ་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་ཀྱི་དགོས་མཁོ། ཤེས་དཔལ་ཡར་ཐོན་བཅས་དང་དེ་བས་འཚམ་པར་སྐུལ་འདེད་ཧུར་ཐག་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་དང་། སྤྱི་ཚོགས་ཡུན་རིང་བདེ་འཁོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ཆེད་མཉམ་ཤུགས་གང་ཐུབ་ཆགས་པར་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དེ་ནང་བསྟན་ཆོས་ལུགས་དར་སྤེལ་གཏོང་བའི་དད་སེམས་ཀྱི་ལག་ལེན་ལ་བརྩིས་ཏེ། དེ་བས་ཡངས་པ་དང་དེ་བས་གཞི་ཆེའི་མཐོང་རྒྱར་བརྟེན་ནས་རང་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་། བསྟན་དོན་དང་འདུལ་ཁྲིམས་ཀྲུང་གོ་ཅན་གྱི་འགྲེལ་བཤད་གཏིང་ཟབ་ཡག་པོ་བརྒྱབ་ནས། ཏང་དང་མི་དམངས་ཀྱི་ཐུགས་རེ་ཟབ་མོའི་འོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།

    པཎ་ཆེན་རིན་པོ་ཆེས། ཆོས་ལ་དགའ་ན་རྒྱལ་ཁབ་ལ་དགའ་ངེས་དང་། དམངས་ལ་གཅེས་ན་ཏང་ལ་གཅེས་ངེས་རེད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས“འདུ་ཤེས་གསུམ”གྱི་སློབ་གསོའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལས་རྒྱལ་ཁབ་ཆེ་བ་དང་། ཆོས་འབངས་ལས་སྤྱི་དམངས་ཆེ་བ། འདུལ་ཁྲིམས་ལས་རྒྱལ་ཁྲིམས་ཆེ་བ་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཧུར་ཐག་བཅས་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ནང་རང་རྟོགས་ངང་ཞུགས་པ་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།