[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • གླུ་ལེན་གར་འཁྲབ་རྫོགས་ལྡན་དུས་བཟང་བསུ། དགའ་དགའ་སྤྲོ་སྤྲོས་དུས་རབས་གསར་པར་སྐྱོད།

    —— ལྷ་ས་གྲོང་ཁྱེར་གྱི་2020ལོའི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-18

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་2020ལོའི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་མཐའ་མའི་བརྙན་ཕབ་བདེ་བླག་ངང་ལེགས་གྲུབ་བྱུང་ནས། དུས་ཐེངས་རྗེས་མའི་སྒྲིག་བཟོའི་དུས་མཚམས་སུ་སླེབས་ཡོད།

    དུས་ཐུང་ཆུ་ཚོད་ཁ་ཤས་ཀྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ཀྱི་ཇུས་འགོད་དང་། སྒྲིག་བཟོ། ནང་སྦྱོང་། བརྙན་ཕབ་སོགས་ལ་འཁྲབ་སྟོན་པ་དང་ལས་དོན་མི་སྣས་དཀའ་བ་གྲངས་ལས་འདས་པ་སྤྱད་ཡོད། མཉམ་སྤྲོའི་འདུ་ཚོགས་ཀྱི་བརྙན་ཕབ་བྱ་ཡུལ་དུ་འཁྲབ་ཁྲིད་ཚོགས་ཆུང་དང་། བརྙན་ཕབ་ཚོགས་ཆུང་། གར་སྟེགས་མཛེས་རྩལ་ཚོགས་ཆུང་། རྒྱབ་ཕྱོགས་མཁོ་སྒྲུབ་ཚོགས་ཆུང་སོགས་ཚོགས་ཆུང་ཁག་གི་ལས་དོན་མི་སྣས་ཚ་ཚ་འུར་འུར་ངང་མཐའ་མའི་བརྙན་ཕབ་ལ་གྲ་སྒྲིག་ཨང་གསར་བྱེད་བཞིན་མཆིས།

    ནང་མ་སྟོད་གཞས་ནི། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཐེངས་འདིའི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ཀྱི་གཙོ་གནད་འཁྲབ་སྟོན་གྱི་གྲས་ཤིག་ཀྱང་རེད། ད་ལོར་ལྷ་སའི་གྲོང་མི་ཚོས་ཉིན་ལྟར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་འཁྲབ་སྟོན་བྱེད་པའི་སྲོལ་རྒྱུན་གླུ་གར་ནང་མ་སྟོད་གཞས་ལ་སླར་ཡང་བསྐྱར་སྒྲིག་བྱས་ནས་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་སུ་འཁྲབ་སྟོན་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་སྤྱི་པའི་རིག་གནས་ཞབས་ཞུའི་རྣམ་པ་གསར་པ་དང་གྲོང་མིའི་བདེ་སྐྱིད་ཐོབ་ཚོར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་བཅས་མངོན་པར་བྱ་རྒྱུ་རེད།

    ནང་མ་སྟོད་གཞས《བདེ་སྐྱིད་ལྡན་པའི་ཁྱིམ་ཚང》གི་འཁྲབ་སྟོན་པ་འཆི་མེད་རྡོ་རྗེས། “ངས་གར་སྟེགས་ཆེན་པོ་འདི་ལྟ་བུར་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན་པས། སེམས་ལ་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག ང་ཚོའི་འཁྲབ་སྟོན་བརྒྱུད་དམངས་ཚོགས་ཚོས་ང་ཚོའི་མི་རིགས་ཀྱི་རིག་གནས་ལ་སྔར་བས་རྒྱུས་མངའ་ལོན་པའི་རེ་བ་ཡོད”ཅེས་བརྗོད།

    《འགྲོ་བའི་ཕོ་ཉ》ནི་སྨན་བཅོས་ཐད་ཀྱི་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས་བསྒྲིགས་པའི་འཁྲབ་ཚན་ཐུང་གྲས་ཤིག་ཡིན་པ་དང་། དེའི་ནང་དོན་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་ལ་རྣམ་པ་གསོན་ཉམས་དོད་པས་ལྟད་མོ་བ་མང་པོས་དགའ་བསུ་ཆེན་པོ་ཐོབ་ཡོད།

    “ང་རང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་སུ་ཡོང་ཐེངས་དང་པོ་ཡིན། ནམ་རྒྱུན་ལས་ཀར་བྲེལ་བ་ཆེན་པོ་ཡོད། ད་རེས་ལྟད་མོ་ལྟ་བའི་གོ་སྐབས་རག་པར་དགའ་ཚོར་ཆེན་པོ་བྱུང་། ལོ་འདི་དག་ནང་སྨན་བཅོས་ཀྱི་སྲིད་ཇུས་ཕུད། ང་ཚོ་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་འོག་དྲོ་སྐྱིད་མང་པོ་ཚོར་བྱུང་། སླད་ཕྱིན། ལས་ཀར་དེ་བས་ནན་ཏན་དང་འབད་བརྩོན་ཆེན་པོ་བྱས་ནས་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་འདིར་གཙང་སྦྲ་ཡག་པོ་བྱེད་ཀྱི་ཡིན”ཞེས་གངས་ཕྲུག་གིས་བརྗོད།

    བོད་ཀྱི་ལོ་གསར་ཀྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་སུ་འཁྲབ་སྟོན་པ་མི་གྲངས་སྟོང་ལ་ཉེ་བ་ཞུགས་ཡོད། ཁོང་ཚོའི་ཁྲོད་ལོ་བདུན་ཅུ་བརྒྱད་ཅུར་སླེབས་པའི་རྒན་རྒོན་ཡོད་ལ། ལོ་བཞི་ལྔ་ཙམ་ལས་སླེབས་མེད་པའི་བྱིས་པའང་ཡོད། ཆེད་ལས་ཀྱི་འཁྲབ་སྟོན་པ་ཡོད་ལ་མང་ཚོགས་དཀྱུས་མའང་ཡོད། མ་གཞི་ལོ་ན་མི་འདྲ་བ་དང་ཆེད་ལས་མི་འདྲ་ནའང་། ཁོང་ཚོར་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད་པ་ནི་མཉམ་དུ་འབད་བརྩོན་བྱས་ནས་བོད་ཀྱི་ལོ་གསར་རིང་ལྟད་མོ་བའི་སྤྱན་ལམ་དུ་གསོལ་སྟོན་གཟབ་རྒྱས་གཤོམ་རྒྱུ་དེ་རེད།

    ལྷ་ས་གྲོང་ཁྱེར་གྱི་2020ལོའི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ཀྱི་ལག་བསྟར་འཁྲབ་ཁྲིད་པ་འཇམ་དབྱངས་ཉི་མས། འཁྲབ་ཚན་འདིར་གྲུབ་འབྲས་སྔར་བས་ལེགས་པོ་ཐོབ་ཆེད། འདི་ལོའི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་སུ་གར་སྟེགས་ཀྱི་མཛེས་རྩལ་ཕུད། ད་དུང་པར་ལེན་ཐད་ལག་རྩལ་གྱི་ཁྱད་ཆོས་གསར་པ་སོགས་མང་དག་སྤྱད་ཡོད་ཅེས་བརྗོད།

    “ད་རེས་ང་འཁྲབ་སྟོན་བྱ་ཡུལ་དུ་ལྷ་ས་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ལ་བལྟ་བར་ཡོང་ཐེངས་གསུམ་པ་ཡིན། ང་ཚོའི་མཉམ་སྤྲོའི་འདུ་ཚོགས་ལོ་རེ་ལས་ལོ་རེར་ལྟད་མོ་ཆེ་བ་དང་། ལོ་རེ་ལས་ལོ་རེར་སྤུས་ཀ་དག་པ་འདུག”ཅེས་གྲོང་མི་ལྷ་མོ་ཚེ་རིང་གིས་དགའ་སྤྲོའི་ངང་བརྗོད།

    ངོ་མཚར་ཆེ་བའི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ཤིག་ཡིན་ཕྱིན། གློག་སྒྲོན་དང་། གར་སྟེགས་མཛེས་རྩལ། རོལ་དབྱངས། འཁྲབ་སྟོན་པ་སོགས་ཀྱིས་གཞོགས་འདེགས་དམ་ཟབ་དང་ཁ་འབྲལ་ཐབས་མེད། བརྙན་ཕབ་ཀྱི་བརྒྱུད་རིམ་ནང་LEDཀྱི་བརྙན་ཤེལ་ལས་གྲུབ་པའི་གར་སྟེགས་ཐོག ལེ་ཚན་གྱི་ནང་དོན་མི་འདྲ་བར་གཞིགས་ནས་རྒྱབ་ལྗོངས་ལ་འགྱུར་ལྡོག་འགྲོ་ཡི་ཡོད་པས། ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་ལས་གར་སྟེགས་ཧྲིལ་པོ་ཁང་བཟང་ལྷ་ཡི་བ་གམ་ཅན་དུ་གྱུར་པ་མ་ཟད། ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་རྣམ་པ་ཟབ་མོ་ཞིག་ཀྱང་མངོན་གྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་2020ལོའི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ཀྱི་གློག་སྒྲོན་གར་སྟེགས་མཛེས་རྩལ་གྱི་འགན་འཁུར་བ་ཚེ་རིང་བསམ་གྲུབ་ཀྱིས“ཚོན་མདོག་དང་འོད་སོགས་གང་ཅིའི་ཐད་ནས་བརྙན་འཕྲིན་གྱི་པར་གཞི་ཧ་ཅང་གསལ་པོ་ཞིག་འདྲེན་བྱེད་ཟུང་དུ་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག ད་དུང་དར་ཡོལ་གྱི་LEDལག་རྩལ་གསར་པ་ཆེད་མངགས་སྤྱད་དེ་གཟུགས་བརྙན་གསལ་ཚད་ཆེ་རུ་གཏོང་ཐབས་བྱས་ནས། འཁྲབ་སྟོན་གྱི་མཚོན་ཚུལ་དངོས་སྔར་བས་གསལ་དུ་བཏང་ཡོད”ཅེས་བརྗོད།

    700430_yis_1579067033878_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་2020ལོའི་བོད་ལྕགས་བྱི་ལོའི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ཀྱི་བརྙན་ཕབ་བྱ་ཡུལ་ཡིན་པ།

    700435_yis_1579067035656_s.jpg

    འདི་ནི་ནང་མ་སྟོད་གཞས《བདེ་སྐྱིད་ལྡན་པའི་ཁྱིམ་ཚང》ཞེས་པའི་འཁྲབ་སྟོན་པ་འཆི་མེད་རྡོ་རྗེས་ནང་སྦྱོང་བྱེད་བཞིན་པ།

    700431_yis_1579067034221_s.jpg

    འདི་ནི་ཞབས་བྲོ《གཡག་རྩེད》ཅེས་པ་ཡིན་པ།

    700429_yis_1579067033300_s.jpg

    འདི་ནི་གླུ་དབྱངས《ཕ་ཡུལ་དུ་བསྐྱོད་པ》ཞེས་པ་ཡིན་པ།

    700432_yis_1579067034564_s.jpg

    འདི་ནི་འཁྲབ་ཚན་ཐུང་གྲས《ཕྱིར་ཚོང་གི་རྩོད་གཞི》ཞེས་པ་ཡིན་པ།

    700434_yis_1579067035297_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་2020ལོའི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ཀྱི་བརྙན་ཕབ་ཀྱི་ལྟད་མོ་བའི་ཁྲོད་ཀུན་སྤྱོད་དཔེ་བཟང་བ་དང་། ལས་རིགས་ཀྱི་སྔོན་ཐོན་པ། འཐབ་ས་དང་པོའི་ངལ་རྩོལ་པ། གྲོང་མི་དཀྱུས་མ་བཅས་ཡོད་པ།

    700428_yis_1579067032895_s.jpg

    འདི་ནི་མཉམ་སྤྲོའི་འདུ་ཚོགས་ཀྱི་བརྙན་ཕབ་བྱ་ཡུལ་གྱི་སྨན་དོན་མི་སྣའི་འཐུས་མི་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།