[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ལོ་ངོ་སྟོང་གི་གནའ་བོའི་རིག་གནས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-04

    679565_yis_1573621554428.jpg

    འདི་ནི་སྤེན་པས་ཐང་ག་བཞེངས་བཞིན་པ།

    “བརྗིད་ཆེའི་ལོ་ངོ་70 གཙང་པོའི་ངོགས་གཉིས་ནས་བོད་ལ་ལྟ”ཞེས་པའི་སྨྱན་སྦྱོར་གསར་པའི་བཅར་འདྲི་ཚོགས་ཆུང་ས་སྐྱ་རྫོང་གི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་གཏོད་རྟེན་གཞིར་བསྐྱོད་རྗེས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་ལ་བཅར་འདྲི་ཞུས་པ་ཡིན།

    མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད་བྱེད་པ།

    ས་སྐྱ་རྫོང་ནི་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་ཆགས་ཡོད། ལོ་55ལ་སླེབས་པའི་མངོན་མིན་རིག་གནས་ཤུལ་བཞག་ས་སྐྱའི་འབག་རྒྱུན་འཛིན་པ་བཀྲ་ཤིས་ས་སྐྱ་རྫོང་གི་ཤར་པ་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་འཚོ་བ་སྐྱེལ་གྱི་ཡོད། 2015ལོར་བཀྲ་ཤིས་ཀྱིས་འབག་བཟོ་བའི་ཀུང་སི་ཞིག་བཙུགས་མོད། འོན་ཀྱང་ཡོང་འབབ་དེ་ཙམ་ཡག་པོ་མེད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཞན་དང་འདྲ་བར་བཀྲ་ཤིས་ལའང་དཀའ་གནད་ཅིག་འཕྲད་པ་སྟེ། སྲོལ་རྒྱུན་བརྟན་སྲུང་བྱེད་པའམ་ཡང་ན་གསར་གཏོད་བྱ་རྒྱུ་དེ་རེད། “དུས་ཡུན་རིང་པོའི་ནང་ང་ཚོས་བཟོས་པའི་འབག་གི་བཟོ་ལྟ་རྙིང་པ་ཤ་སྟག་ཡིན་པས་བྲིན་ཁ་རྒྱུག་པོ་མི་འདུག འོན་ཏེ་ཀུང་སིའི་ལས་མི་གསོ་དགོས་པས་འབག་བཟོ་སྟངས་ལ་འགྱུར་ལྡོག་ཏོག་ཙམ་མ་གཏོང་ཀ་མེད་བྱུང”ཞེས་བཀྲ་ཤིས་ཀྱིས་བཤད།

    ཡུན་རིང་མནོ་བསམ་བཏང་མཐར་བཀྲ་ཤིས་ཀྱིས་སྲོལ་རྒྱུན་བརྟན་སྲུང་བྱེད་པའི་རྨང་གཞིའི་ཐོག་གསར་གཏོད་བྱ་རྒྱུའི་སེམས་ཐག་བཅད། དེ་ལྟར་ཡུལ་སྐོར་གྱི་གོ་སྐབས་བཟང་པོ་དང་བསྟུན་ནས་ཁོང་གིས་མཛེས་རྒྱན་སྤྲོས་པར་འཚམ་པོ་དེ་ཙམ་ཆེན་པོ་མེད་པའི་འབག་བཟོས་པར་ཡུལ་སྐོར་བ་མང་པོ་ཞིག་གི་དགའ་བསུ་ཐོབ།

    ཐོན་རྫས་གསར་པ་ཉོ་མཁན་ཇེ་མང་དུ་སོང་བས་ཡོང་འབབ་ཀྱང་ལྡབ་མང་པོ་འཕར། “སྔོན་མ་མངགས་མཁན་ག་ཚོད་ཡོད་མེད་ལ་གཞིགས་ནས་འབག་བཟོ་དགོས། འོན་ཏེ་ད་ཆ་ང་ཚོས་འབག་ག་ཚོད་བཟོས་པ་ཚང་མ་བྲིན་གྱི་འདུག ད་ཆ་ཀུང་སིར་ལོ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་25ཙམ་ཡོང་གི་འདུག”ཅེས་བཀྲ་ཤིས་ཀྱིས་གད་མོ་དགོད་ཀྱིན་བཤད།

    ལས་གཏོད་ལ་ལས་སྟེགས་ཡག་པོ་བྱུང་བ།

    དོན་དངོས་ཐོག་འགྱུར་ལྡོག་འདི་འདྲ་འབྱུང་རྐྱེན་གཙོ་བོ་ནི་ས་སྐྱ་རྫོང་གིས་བཙུགས་པའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་གཏོད་རྟེན་གཞི་རེད། 2017ལོར་སྐྲུན་འགོ་བཙུགས་པའི་ས་སྐྱ་རྫོང་གི་མི་རིགས་ལག་ཤེས་བཟོ་ལས་གླིང་གི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་2000ཙམ་བཏང་ཞིང་། དེའི་ནང་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་འགྲེམས་ཁུལ་དང་། ཐོན་སྐྱེད་ཁང་། དེ་བཞིན་ལེ་ལག་ཚང་བའི་འབྲེལ་ཡོད་སྒྲིག་ཆས་བཅས་ཚུད་ཡོད། རྣམ་གྲངས་དེ་2019ལོའི་ཟླ་5པར་ལག་ལེན་བསྟར་འགོ་ཚུགས་ཤིང་། གཙོ་བོ་ཐང་ག་དང་། འབག དངུལ་ཆས། ཟངས་ཆས་སོགས་ཀྱི་ཐོན་རྫས་བཟོ་གི་ཡོད། མིག་སྔར་ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་8ཀྱིས་བཙུགས་པའི་ས་སྐྱ་ཡོན་ཆའོ་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་ལས་གཏོད་ཚད་ཡོད་ཀུང་སི་གཉེར་སྐྱོང་བྱེད་བཞིན་ཡོད། “མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བརྒྱད་པོས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་། མི་གྲངས་200ཙམ་ལ་ལས་གནས་མཁོ་འདོན་དང་གསོ་སྦྱོང་བྱས་ཡོད”ཅེས་གླིང་དེའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

    ལྷ་འབྲི་བའི་ཕྱུག་འགྱུར་ཉམས་མྱོང་།

    སྤེན་པའི་སྐོར་གླེང་སྐབས། མི་ཚོས་ཡིད་སྨོན་བྱེད་ས་ནི་ལས་གཏོད་གླིང་དེར་ཁོང་ལ་ཀུང་སི་3(ཐང་ག ཤིང་བཟོ། འཚེམ་བཟོ)ཡོད་པ་དེ་ཡིན་པ་དང་། ཁོང་ནི་ཐང་ག་བཞེངས་མཁན་ལྷ་འབྲི་བ་ཞིག་རེད། “དང་ཐོག་མར་ཀུང་སི་མང་པོ་དེ་འདྲ་བཙུགས་དོན་ནི་ཐང་ག་ཀུང་སིར་གཞོགས་འདེགས་བྱ་ཆེད་ཡིན”ཞེས་སྤེན་པས་བཤད། ཐང་ག་ཞིག་བཞེངས་པར་ལས་སླ་པོ་གཏན་ནས་མེད། དེའི་རིང་ཁོང་གིས་དགེ་ཕྲུག་ཚོའི་འགྲོ་སོང་ཚང་མ་གཏོང་དགོས་པས་རང་ཉིད་ཀྱིས་བཞེངས་པའི་ཐང་ག་བཙོངས་པ་ཁོ་ནར་བརྟེན་ན་ཁ་ཐང་པོ་ཆགས་ཀྱི་ཡོད། དེས་ན་ཁོང་གིས་ཤིང་བཟོ་དང་འཚེམ་བཟོ་སོགས་སྦྱངས་ནས་ཞོར་དུ་ཡོང་འབབ་གསོག་གི་ཡོད།

    སྟབས་ལེགས་པ་ཞིག་ལ་ཐང་ག་ཀུང་སི་གཉེར་སྐྱོང་ཡག་པོ་བྱུང་ནས་2018ལོ་ཁོ་ནར་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བྱུང་ཡོད། “ནང་ས་ནས་ཐང་ག་ཉོ་བར་ཡོང་མཁན་ཇེ་མང་དུ་འགྲོ་གི་འདུག འོན་ཀྱང་ཐང་ག་བཞེངས་སྐབས་ཁྲལ་སེལ་སླ་བཅོས་བྱེད་མི་ཉན། ཐང་ག་རྩེ་གྲ་ཞིག་བཞེངས་པར་ལྷ་འབྲི་བ་གཅིག་གིས་ཉུང་མཐར་ཡང་ལོ་གཅིག་ལྷག་ཙམ་འགོར་བ་དང་རིན་གོང་ཡང་སྒོར་ཁྲི་ལྔ་ཡས་མས་རག་གི་ཡོད་པ་དང་། ཐང་ག་དཀྱུས་མ་ཞིག་བཞེངས་པར་ཟླ་བ་གསུམ་ལས་འགོར་གྱི་མེད་ལ་རིན་གོང་ཡང་སྒོར་བཞི་སྟོང་ནས་ལྔ་སྟོང་བར་ལས་རག་གི་མེད”ཅེས་སྤེན་པས་བཤད།

    “དྲ་སྦྲེལ+”སྤྱོད་མཁན་གྱི་ཁེ་གཉེར་བ།

    ལོ་རྒྱུས་ཡུན་རིང་ལྡན་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤོས་ནི་ས་སྐྱ་རྫོང་གི་མིང་བྱང་ལྟ་བུ་ཞིག་ཡིན་མོད། འོན་ཏེ་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་སྟངས་ལས་ཡུལ་དེ་གའི་ལག་ཤེས་བཟོ་རྩལ་པ་དང་ན་གཞོན་ལས་གཏོད་པ་ཚོར་དཀའ་ངལ་མང་པོ་འཕྲད་ཅིང་། རིན་ཆེན་དངོས་གྲུབ་ནི་དེའི་གྲས་ཤིག་རེད། 2013ལོར་རིན་ཆེན་དངོས་གྲུབ་ཀྱིས་བོད་ལྗོངས་ས་སྐྱའི་འཁོན་རྒྱུད་སྤོས་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ས་སྐྱ་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རོགས་ཀྱང་ཞུས་པ་རེད། མི་རིང་བར་སྲིད་གཞུང་གི་རོགས་སྐྱོར་འོག་ཐོན་སྐྱེད་བྱ་ཡུལ་སོགས་ཀྱི་གནད་དོན་ཐག་གཅོད་བྱུང་ཡོད། “ལས་གཏོད་རྟེན་གཞི་བརྒྱུད། ང་རང་གི་ལས་གཏོད་ཕུགས་འདུན་འགྲུབ་པ་བྱ་རྒྱུ་མ་ཟད། རང་རེའི་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་དར་སྤེལ་ཡང་གཏོང་རྒྱུ་ཡིན”ཞེས་རིན་ཆེན་དངོས་གྲུབ་ཀྱིས་བཤད།

    རིན་ཆེན་དངོས་གྲུབ་ཀྱིས་མི་དེ་བས་མང་བས་ཕ་ཡུལ་གྱི་སྤོས་ལ་རྒྱུས་ལོན་ཐུབ་པ་བྱེད་འདོད་ཡོད་ལ། ཡུལ་མི་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་ཀྱང་བྱེད་འདོད་ཡོད། དེས་ན་ཁོང་གིས་དྲ་སྦྲེལ་གྱི་ལེགས་ཆ་ཁོང་དུ་བྱང་ཆུབ་པོ་ཆུད་པར་བྱས་ཏེ་དྲ་ཐོག་ཚོང་ཁང་བཙུགས་པ་མ་ཟད། དྲ་ཐོག་ཚོང་ཁང་གི་ལས་སྟེགས་བརྒྱུད་ཐོན་རྫས་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་འཚོང་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།