[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ཟླ་བ་བཀྲ་ཤིས་ཀྱི་སྣུམ་ཚོན་རི་མོ《ལྷ་ས་ནས་པེ་ཅིང》ཞེས་པ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-27

     ཉེ་དུས་བོད་ལྗོངས་སློབ་ཆེན་མཛེས་རྩལ་གླིང་གི་དགེ་རྒན་ཟླ་བ་བཀྲ་ཤིས་ཀྱི་སྣུམ་ཚོན་རི་མོ《ལྷ་ས་ནས་པེ་ཅིང》ཞེས་པ་དེ་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་པ་རེད།

    ཟླ་བ་བཀྲ་ཤིས་ནི་བོད་ལྗོངས་སློབ་ཆེན་མཛེས་རྩལ་སློབ་གླིང་གི་རི་མོའི་དགེ་རྒན་ཞིག་ཡིན་ཅིང་། ཁོང་གིས་པིར་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་སེམས་ཁོང་ནས་འཕྱུར་བའི་ཕ་ཡུལ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རི་ཆུའི་བཀོད་པ་དང་ཁྱད་ཆོས་དམིགས་བསལ་ལྡན་པའི་ཕ་ཡུལ་གྱི་མི་དམངས་ཀྱི་ཆ་བྱད་གཟུགས་བརྙན་བཞེངས་ཏེ། བོད་ཀྱི་མཛེས་རྩལ་རི་མོའི་བྱ་གཞག་གོང་འཕེལ་དང་། མངོན་སུམ་གྱི་སྣང་བརྙན་སྣ་ཚོགས་བཞེངས་ནས་མང་ཚོགས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་པ་བྱ་རྒྱུའི་ཆོད་སེམས་སྔ་ས་ནས་བཅངས་ཡོད་ཅིང་། རིང་མིན་གོང་ཁོང་ལ་ཆིང་ཧྭ་སློབ་ཆེན་དུ་རི་མོའི་སྒྱུ་རྩལ་ཟབ་སྦྱོང་དུ་བསྐྱོད་རྒྱུའི་གོ་སྐབས་ཐོབ་པས། དེས་ཁོང་གི་ཕུགས་འདུན་ངེས་པར་དུ་འགྲུབ་རྒྱུར་སྐུལ་ལྕག་དེ་བས་ཀྱང་ཐེབས་ཡོད་ལ་སྒྱུ་རྩལ་གྱི་ཆུ་ཚད་མཐོར་འདེགས་བྱ་རྒྱུར་དེ་བས་ཀྱང་ཁྲིད་སྟོན་གང་ལེགས་བྱུང་ཡོད་པ་རེད།  ད་ཐེངས་ཀྱི《ལྷ་ས་ནས་པེ་ཅིང》ཞེས་པའི་སྣུམ་ཚོན་རི་མོ་དེ་དག་ནི་ཁོང་གིས་སློབ་ཁྲིད་ཀྱི་བར་གསེང་དུས་ཚོད་དམ་འཛིན་གྱིས་བྲིས་པ་ཤ་སྟག་ཡིན་ཅིང་། ཡུལ་གྱི་བཀོད་པ་དང་སྐྱེ་བོའི་གཟུགས་བརྙན་ལ་སོགས་པའི་རི་མོ་སྣ་ཚོགས་ངོ་གྲངས་༡༢༠ལྷག་ཙམ་ཡོད་པ་དེ་དག་འགྲེམས་སྟོན་བྱེད་པ་དེ་ནི། ཁོང་གིས་ཆིང་ཧྭ་སློབ་ཆེན་དུ་རི་མོ་ཟབ་སྦྱོང་བྱས་པའི་སྦྱངས་འབྲས་སྤྱན་འབུལ་ཞུ་བའི་དམིགས་ཡུལ་དང་། དེ་བཞིན་སྣུམ་ཚོན་རི་མོ་འབྲི་བར་ལག་ལེན་དངོས་ཀྱི་ཐོག་ནས་སློབ་མ་ཚོར་མིག་དཔེ་སྟོན་པ་ཞིག་རེད།

    འགྲེམས་སྟོན་འགོ་ཚུགས་མཛད་སྒོར་བོད་ལྗོངས་རི་མོ་མཁས་ཅན་མཐུན་ཚོགས་དང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་རི་མོ་མཁས་ཅན་ཁག་གཅིག་ཕེབས་ཏེ། ན་གཞོན་དགེ་རྒན་ཁོང་གིས་ཆིང་ཧྭ་སློབ་ཆེན་དུ་ཟབ་སྦྱོང་དུ་བསྐྱོད་དེ་ཆུ་ལེན་བུམ་སྟོང་མིན་པའི་གྲུབ་འབྲས་ལ་བསྔགས་བརྗོད་དང་ཁོང་གི་འབྲི་རྩལ་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།