[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • གཏམ་བརྗོད་ཟློས་གར་ལས་ལ་ཧུར་ཐག་གཞོལ། གཡུར་ཟའི་གྲུབ་འབྲས་མི་ཐོབ་ཅི་ལ་སྲིད།

    ​བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-23

    གཏམ་བརྗོད་ཟློས་གར་ཚོཌ་པའི་ལོ་རྒྱུས་དང་འཕེལ་རྒྱས།

    1962ལོའི་དབྱར་ཁར་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དངོས་སུ་བཙུགས་ཤིང་། སྐབས་དེ་དུས་བོད་ཀྱི་མང་ཚོགས་ཚོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། བོད་ཀྱི་སྒྱུ་རྩལ་བྱ་གཞག་གི་སྣ་ཁ་མང་པོའི་སྲོལ་གཏོད་པ། བོད་ཀྱི་སྒྱུ་རྩལ་བྱ་གཞག་གོང་འཕེལ་དང་རྒྱ་སྐྱེད་གཏོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་གླུ་གར་ཚོགས་པར་གཏམ་བརྗོད་ཟློས་གར་ཚོགས་ཆུང་བཙུགས་པ་དེ་ནི་སྐབས་དེ་དུས་ཀྱི་གཏམ་བརྗོད་ཟློས་གར་ལ་དགའ་ཞེན་ཡོད་མཁན་ཁ་ཤས་ལས་གྲུབ་པ་ཞིག་རེད།

    1959ལོར། བོད་དུ་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་ནས། རྒྱལ་ཁབ་རིག་གནས་པུའུ་ཡི་མངགས་བཅོལ་ལྟར་ཧྲང་ཧའེ་ཟློས་གར་སློབ་གླིང་གིས་གཏམ་བརྗོད་ཟློས་གར་འཁྲབ་སྟོན་གྱི་བོད་རིགས་འཛིན་གྲྭ་སྐབས་དང་པོ་གཉེར་ནས། བོད་ལ་གཏམ་བརྗོད་ཟློས་གར་གྱི་སྒྱུ་རྩལ་འཁྲབ་སྟོན་བྱེད་མཁན་བོད་རིགས་ཤེས་ལྡན་མི་སྣ་ཁག་དང་པོ་གསོ་སྐྱོང་བྱས། 1962ལོར་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དངོས་སུ་བཙུགས་ཤིང་། གཏམ་བརྗོད་ཟློས་གར་གྱི་འཁྲབ་སྟོན་འཛིན་གྲྭ་སྐབས་དང་པོའི་བོད་རིགས་སློབ་མ་ཚོས་སྔ་རྗེས་སུ་ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་གློག་བརྙན《ཞིང་བྲན》འཁྲབ་པས་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་སྐད་གྲགས་ཆོད།

    སྒྱུར་བཅོས་སྒོ་དབྱེའི་སྔ་རྗེས་སུ་ཧྲང་ཧའེ་ཟློས་གར་སློབ་གླིང་གིས་བོད་རིགས་སློབ་མ་ཁག་གསུམ་པ་བསྡུས་པ་རེད། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་ཐོན་པ་དང་བསྟུན་ནས། བོད་ལྗོངས་གཏམ་བརྗོད་ཟློས་གར་ལོ་རྒྱུས་ཐོག་གི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་གཞི་བཅོལ་ནས་སྒྲིག་བཟོ་བྱས་པ་དང་། བོད་རིགས་ཀྱི་སྐད་ཡིག་ཐོག་ནས་གསར་རྩོམ་བྱས་པའི་སྣང་བརྙན་ལྔ་ཡོད་པའི་དགོད་བྲོའི་འཁྲབ་ཚན《ཨ་ཁུ་སྟོན་པ》དང་སྣང་བརྙན་བདུན་ཡོད་པའི་སྐྱོ་གར《སི་ཆིལ་སྦི་ཆིལ》ཐེངས་དང་པོར་འཁྲབ་པ་དེ་ཐོག་ནས་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཟློས་གར་གསར་རྩོམ་ཚོགས་པ་རིམ་གྱིས་སྟོབས་ཆེར་སོང་བ་མཚོན་པ་མ་ཟད། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དུས་དེ་ནས་བཟུང་རྒྱལ་ཡོངས་སུ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་འཁྲབ་སྟོན་བྱེད་ཐུབ་པའི་ཆེད་ལས་ཀྱི་གཏམ་བརྗོད་ཟློས་གར་ཚོགས་པ་འབའ་ཞིག་ཏུ་གྱུར་པའང་མཚོན་ཡོད།

    རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་བཙུགས་པ་ནས་བཟུང་། རང་འཁྲིའི་ལས་ལ་ཧུར་ཐག་གཞོལ་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཅིང་། བོད་མི་རིགས་ཀྱི་གནའ་བོའི་རིག་གནས་ཀྱི་དོན་སྙིང་ཟབ་མོའི་ཞིང་སར་བརྟེན་ནས་རིག་གནས་ཀྱི་སྔོན་སྐྱོད་པ་ཞིག་ཐོག་མཐའ་བར་གསུམ་དུ་བྱས་ཏེ། བོད་དར་རྒྱས་གོང་འཕེལ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་རིག་རྩལ་ལས་དོན་གྱི་མཛད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། སྐོར་སྐྱོད་འཁྲབ་སྟོན་གྱི་རྐང་རྗེས་ལྗོངས་ཕྱི་ནང་གི་ཞིང་འབྲོག་ཁུལ་དང་མཐའ་སྲུང་སོ་ལྟ་ཁང་དང་། དེ་བཞིན་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པར་བྱས་པས། གར་སྟེགས་ཀྱི་སྒྱུ་རྩལ་ལས་ལྟད་མོ་བའི་ཡིད་དབང་འཕྲོག་པ་དང་། མི་རིགས་ཁག་དབར་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་ཐེབས་པ། རང་ལྗོངས་ཀྱི་རིག་གནས་དྲིལ་བསྒྲགས་དང་གོང་འཕེལ་ལ་སྐུལ་མ་ཐེབས་པ། རང་ལྗོངས་ཀྱི་རིག་གནས་ཀྱི“འཇམ་ཤུགས”ཆེ་རུ་ཕྱིན་ནས་རང་ལྗོངས་ཀྱི་རིག་གནས་གོང་འཕེལ་དང་དར་རྒྱས་ལ་རམ་འདེགས་བྱས་ཡོད།

    རྒྱུན་མཐུད་ཡར་བརྩོན་བྱས་པས་གྲུབ་འབྲས་གསར་པ་ཐོབ།

    ལོ་57གྱི་རིང་། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ཏང་གི“བརྒྱ་གཉིས”མཛད་ཕྱོགས་དང“ཆེད་དུ་གཉིས”ཀྱི་ཁ་ཕྱོགས་ཀྱི་ཁྲིད་སྟོན་འོག རིག་རྩལ་ལས་དོན་པ་མི་རབས་རེ་རེས་དཀའ་སྤྱད་འབད་བརྩོན་བྱས་ཏེ་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་བརྩམས་ཆོས་རྩེ་གྲ་མང་པོ་ཞིག་བཏོན་ཡོད།

    ཕུལ་བྱུང་བརྩམས་ཆོས་ལ་སྔ་རྗེས་སུ“ཝུན་ཧྭ་འཁྲབ་ཚན་གསར་པའི་བྱ་དགའ”དང་། “ཝུན་ཧྭ་འཁྲབ་ཁྲིད་པའི་བྱ་དགའ” “ཝུན་ཧྭ་མཛེས་རྩལ་བྱ་དགའ” “ཝུན་ཧྭ་འཁྲབ་སྟོན་པའི་བྱ་དགའ” “དཔྱིད་འགོའི་མེ་ཏོག་བྱ་དགའ”“གཅིག་རེ་ལྔའི་འདུ་འགོད་ཀྱི་བྱ་དགའ” “གསེར་བྱའི་བྱ་དགའ” “གསེར་སེང་བྱ་དགའ” “ཚའོ་ཡུས་ཟློས་གར་རྩོམ་རིག་གི་མིང་འདོན་བྱ་དགའ” “ཀྲུང་གོའི་གཏམ་བརྗོད་ཟློས་གར་གྱི་ལོ་བརྒྱའི་སྐོར་སྐྱོད་འཁྲབ་སྟོན་གྱི་བྱ་དགའ་ཨང་གཉིས་པ” “ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ” “རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་རྩེ་གྲའི་འདུ་འགོད་རྣམ་གྲངས་ཀྱི་བྱ་དགའ” “ཝུན་ཧྭ་བྱ་དགའ་ཆེན་པོའི་དམིགས་བསལ་བྱ་དགའ”སོགས་བྱ་དགའ་མང་པོ་ཐོབ་ཡོད།

    འོད་སྟོང་འབར་བའི་གྲུབ་འབྲས་མང་པོ་ཐོབ་ནའང་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཕེལ་རྒྱས་དོན་གཉེར་བྱེད་མཚམས་འཇོག་མྱོང་མེད། ཟློས་གར་ཆེན་པོ་ཁག་ལ་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་རྗེས། ཁོང་ཚོས་སྔར་བཞིན་ཇི་ལྟར་གསར་གཏོད་དང་། མང་ཚོགས་དང་ཇི་ལྟར་བྱས་ཏེ་ཉེ་བཅར། བོད་རིགས་ས་ཁུལ་གྱི་འཚོ་བར་ཇི་ལྟར་བྱས་ཏེ་རྩ་བ་ཚུགས་པ་བཅས་བྱས་ཏེ་བོད་ཀྱི་ཕྱོགས་གང་ས་ཅི་ཐད་ཀྱི་འགྱུར་ལྡོག་དང་མི་སེར་གྱི་ཕུགས་རེ་མཚོན་པའི་བརྩམས་ཆོས་སྔར་བས་མང་བ་གསར་རྩོམ་བྱ་རྒྱུར་བསམ་བློ་གཏོང་གི་ཡོད།

    བོད་ཀྱི་རིག་གནས་ལ་རྩ་བ་བརྟན་པོ་ཚུགས་པ།

    རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གསར་རྩོམ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཉི་མ་དོན་གྲུབ་ཀྱིས། “བོད་ཀྱི་རིག་རྩལ་འཕེལ་རྒྱས་ཐད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་འགག་རྩ་རེད” ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཆེད་ལས་སློབ་གླིང་དུ་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱེད་པ་ཁོ་ན་མ་ཡིན་པར་མི་རིགས་ཀྱི་རིག་གནས་ཤེས་རྟོགས་དང་བེད་སྤྱོད་བྱ་རྒྱུ་དེའང་མེད་དུ་མི་རུང་བ་ཞིག་རེད་ཅེས་བཤད།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། བོད་ཀྱི་གཏམ་བརྗོད་ཟློས་གར་བྱ་གཞག་ལ་འཕོ་འགྱུར་འགྲོ་འགོ་ཚུགས་ཤིང་། གཏམ་བརྗོད་ཟློས་གར《སྲོང་བཙན་སྒམ་པོ》ནི་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ངོས་ནས་བརྗོད་ན། དོན་སྙིང་དངོས་ཀྱི་ཐོག་ནས་རང་མི་རིགས་ཀྱི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཡོད་པའི་མཚོན་རྟགས་སུ་གྱུར་ཡོད། དེ་ནས་བཟུང་། བོད་ཀྱི་གཏམ་བརྗོད་ཟློས་གར་དེ་ཉིད་ཕྱི་ནས་ཡོང་བའི་སྒྱུ་རྩལ་ནས་རང་ས་རང་ཡུལ་ཅན་དང་མི་རིགས་ཅན་དུ་དངོས་སུ་གྱུར་ཡོད།

    བོད་རིགས་ཀྱི་དམངས་ཁྲོད་སྒྲུང་གཏམ་ལས་སྒྲིག་བཟོ་བྱས་པའི་བོད་སྐད་ཀྱི་སྣང་བརྙན་ལྔ་ཡོད་པའི་དགོད་བྲོའི་འཁྲབ་ཚན《ཨ་ཁུ་སྟོན་པ》དང་སྣང་བརྙན་བདུན་ཡོད་པའི་སྐྱོ་གར《སི་ཆིལ་སྦི་ཆིལ》གཉིས་ཀ་བོད་སྐད་གཙང་མར་བརྟེན་ནས་གསར་རྩོམ་བྱས་པ་མ་ཟད། བོད་སྐད་ཐོག་ནས་ཐད་ཀར་འཁྲབ་སྟོན་ཡང་བྱས་ཡོད། དེ་ནི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་ལོ་རྒྱུས་ཐོག་རང་མི་རིགས་ཀྱི་སྐད་དང་ཡི་གེར་བརྟེན་ནས་གསར་རྩོམ་བྱས་པའི་དཔེ་མཚོན་གྱི་ཟློས་གར་ལེ་ཚན་དང་པོ་དེའང་རེད།

    རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ལོ་མང་རིང་སྲོལ་རྒྱུན་རྒྱུན་འཁྱོངས་ཀྱིས་ལོ་ལྟར་གཤམ་འོག་ཏུ་བསྐྱོད་དེ་མི་སེར་ལ་འཁྲབ་སྟོན་བྱེད་ཀྱི་ཡོད། བོད་ལ་གཏམ་བརྗོད་ཟློས་གར་མེད་པའི་དུས་སུ་སྲོལ་རྒྱུན་གྱི་ལྷ་མོའང་མི་སེར་ལ་འཁྲབ་ཀྱི་མེད། འོན་ཀྱང་བོད་ཀྱི་གཏམ་བརྗོད་ཟློས་གར་ཐོན་པ་ནས་བཟུང་རང་མི་རིགས་ཀྱི་རིག་གནས་ལ་རྩ་བ་བརྟན་པོ་ཚུགས་ཏེ་མི་སེར་དཀྱུས་མར་ཁ་ཕྱོགས་པ་ཞིག་ཡིན་ལ། འབྱུང་འགྱུར་ཡང་དེ་ལྟར་རྒྱུན་འཁྱོངས་བྱ་རྒྱུ་རེད།

    681715_yis_1574158906568.jpg

    681714_yis_1574158906069.jpg

    681713_yis_1574158905554.jpg

    《ཐུན་མོང་གི་ཁྱིམ་གཞིས》

    གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ནི་ལོ་རྒྱུས་ཀྱི་དོན་དངོས་རྒྱབ་ལྗོངས་སུ་བྱས་ཏེ་ཉལ་ཐ་དམག་འཁྲུག་ཐེངས་དང་པོའི་སྐབས། གོང་མ་ཏའོ་ཀོང་གིས་དམག་མི་སྐོང་ཐབས་བྲལ་བའི་སྐབས་སུ་འཕྲལ་མར་དམག་དཔུང་དེའི་ཚབ་བྱེད་དུ་བོད་དམག་སྐོང་འཐེན་བྱས་ཏེ་དབྱིན་ཇིར་འགོག་རྒོལ་བྱེད་པར་མངགས་པའི་གནས་ཚུལ་བརྗོད་ཡོད། བོད་དམག་ཚོས་བློ་སྟོབས་ཆེན་པོས་དགྲ་བོ་གསོད་ཕོད་པ་དང་། ཕྱི་ཇག་འགོག་ཐུབ་པ། དཔའ་ངར་ཆེན་པོས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་བོད་དམག་གི་བརྗིད་ཉམས་ལྡན་པའི་གཏམ་རྒྱུད་འཁྲབ་སྟོན་བྱས་ཡོད།

    གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ནང་ཚད་ཡོད་ཀྱི་གར་སྟེགས་གང་ལེགས་སྤྱད་དེ་སྒྱུ་རྩལ་བར་མཐོངས་ཡངས་ཤིང་རྒྱ་ཆེ་བ་དང་། བློ་གཤོག་ཡངས་ལ་སྟོབས་ཤུགས་ལྡན་པ། སྙིང་སྟོབས་ཀྱིས་ཁེངས་པ་བཅས་ཀྱི་རྣམ་པ་བཏོད་ཡོད། གཏམ་རྒྱུད་ཀྱི་རྣམ་པ་གཅིག་ལ་གཅིག་སྦྲེལ་ཡོད་པས། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དང་རྒྱལ་ཁབ་དབར་གྱི་བརྩེ་སེམས་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོ་མི་སྣའི་བརྩེ་སེམས་འཆང་ས་དང་གཏམ་རྒྱུད་ཀྱི་འཕེལ་ཕྱོགས་མཉམ་འདྲེས་ཡོང་བར་བྱས་ནས་མི་སེམས་འགུལ་བའི་རྒྱལ་གཅེས་རིང་ལུགས་ཀྱི་བསྟོད་གླུ་བརྩམས་ཡོད་ཅིང་། པར་འདི་དག་ནི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ཀྱི་པར་རིས་བདམས་བཀོད་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།