[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཀྱིས། འཁྲབ་ཚན་རྩེ་གྲའི་སྟོན་མོ་བཤམས།

    བོད་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-28

    དམངས་ཀྱི་གསོས་སུ་སྨིན་པའི་སྙན་ངག་ཟློས་གར།

    ལོ་རྒྱུས་སྙན་ངག་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་དུ་ལྷ་སའི་རི་ཀླུང་རྒྱབ་ལྗོངས་སུ་བྱས་ཏེ་ས་མཐོའི་གནས་མཆོག་གི་རྣམ་པར་བཀྲ་བའི་སྐར་འོད་འོག ཐང་རྒྱལ་རབས་ཀྱི་འུན་ཤིང་ཀོང་ཇོ་དང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་གཉེན་སྒྲིག་བྱས་པའི་ལོ་རྒྱུས་གཟིགས་མོ་བའི་མིག་ལམ་དུ་བཤམས། འུན་ཤིང་ཀོང་ཇོས་དཀའ་ཚེགས་ཆེ་བའི་ལམ་ཐག་རིང་པོ་དང་བར་ཆད་སྣ་ཚོགས་ཁྱད་དུ་བསད་པའི་ལོ་རྒྱུས་མཚོན་པར་བྱས་ཏེ། ཐང་རྒྱལ་རབས་ཀྱི་རྫོགས་ལྡན་དུས་ཀྱི་ངོ་མཚར་ཆེ་བའི་བརྩེ་དུང་མཚོན་པའི་གཏམ་རྒྱུད་འཁྲབ་ནས་རྒྱ་བོད་དབར་འཆམ་མཐུན་ལྡན་པའི་མི་སེམས་འགུལ་བའི་ལོ་རྒྱུས་སྙན་ངག་ཅིག་གྱེར་ཡོད།

    ལོ་རྒྱུས་སྙན་ངག་ཟློས་གར་འདི་ནི་ཀྲུང་གོའི་ས་བབ་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། བརྗིད་ཉམས་ཆེ་ཤོས་བཅས་ཀྱི་འཁྲབ་སྟོན་ཞིག་ཡིན་ཞིང་། རྒྱ་བོད་ཀྱི་ལོ་རྒྱུས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། རང་བྱུང་མཛེས་ལྗོངས་བཅས་ཀྱི་ཁྲོད་ནས་རྒྱུ་ཆ་བཙལ་འཚོལ་བྱས་ཏེ་ཐང་རྒྱལ་རབས་ཀྱི་གླུ་གར་དང་བོད་དུ་དར་ཁྱབ་ཆེ་བའི་བྲོ་དང་ལྷ་མོ་སོགས་སྒྱུ་རྩལ་གྱི་འཁྲབ་སྟོན་བྱེད་སྟངས་ཕྱོགས་བསྡུས་ཐོག་སྤྱད་པ་དང་། མི་ཐབས་ལ་བརྟེན་ནས་བཙུགས་པའི་གར་སྟེགས་དང་རང་བྱུང་གི་རི་ཀླུང་གཅིག་ལ་གཅིག་བརྟེན་གྱིས་ཚན་རྩལ་འདུས་ཚད་མཐོ་བའི་ལག་རྩལ་ལ་བརྟེན་ཏེ་མངོན་མིན་རིག་གནས་ཤུལ་བཞག་མངོན་པར་བྱས་ཡོད། ཁྲང་ཞི་དང་། རོལ་དབྱངས། ཞབས་བྲོ། དེང་རབས་གར་སྟེགས་ཐོག་གི་མཛེས་རྩལ་བཅས་གཞི་གཅིག་ཏུ་འདུས་པར་བྱས་ཏེ་ངོ་མཚར་ཆེ་བའི་རོལ་དབྱངས་ལེ་ཚན་ཞིག་གྲུབ་ཡོད།

    ལོ་རྒྱུས་སྙན་ངག་ཟློས་གར་ནང་མངོན་མིན་རིག་གནས་ཤུལ་བཞག་སྣ་ཁ་བཅུ་གྲངས་ཡོད་པ་དེ་དག་དམངས་ཁྲོད་ནས་བྱུང་བ་ཤ་སྟག་ཡིན་ཞིང་། སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་མཚོན་སྟངས་ལ་བརྟེན་ནས་བོད་ཀྱི་དམངས་ཁྲོད་ཀྱི་རྩ་ཆེ་ཞིང་དཀོན་ལ་སྟོངས་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུ་ཆའང་བཙལ་འཚོལ་བྱས་ཏེ་ཐང་རྒྱལ་རབས་ཀྱི་ཀྲུང་ཡོན་ས་ཁུལ་གྱི་རིག་གནས་དང་མཉམ་འདྲེས་བྱས་པས། དམིགས་བསལ་ཁྱད་ཆོས་ལྡན་པའི་འཁྲབ་སྟངས་དང་སྒྱུ་རྩལ་གྱི་ནང་དོན་ཞིག་གྲུབ་ཡོད། འཁྲབ་ཚན་སྤུས་ལེགས་འདི་ལྟ་བུ་འཁྲབ་པ་ལས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། རྒྱ་བོད་རིག་གནས་མཉམ་འདྲེས་དང་འཕེལ་རྒྱས་ལའང་སྔར་བས་སྐུལ་འདེད་ཐེབས་ཏེ་མི་རིགས་མཐུན་སྒྲིལ་ཆེ་མོ་དང་རིག་གནས་དར་རྒྱས་ཆེ་མོ་གསོན་ཉམས་དོད་པོས་མངོན་ཡོད།

    ཇུས་འགོད་རྩེ་གྲ་བྱས་པའི་སྒྱུ་རྩལ་བརྩམས་ཆོས།

    གར་སྟེགས་ཀྱི་མཛེས་རྩལ། “དོན་བྲིས”རི་མོར་བརྟེན་ནས་ལྟད་མོ་བར་གོ་བརྡ་སྤྲོད་པ།

    ལོ་རྒྱུས་སྙན་ངག་ཟློས་གར《འུན་ཤིང་ཀོང་ཇོ》ཡི་ནང་། ཡི་གར་འོང་ཞིང་སྤུས་ཀ་དག་པའི་གར་སྟེགས་ཀྱི་མཛེས་རྩལ་ནི་ཟློས་གར་དེའི་བཀྲག་མདངས་འཚེར་ས་ཞིག་རེད། གལ་ཏེ་གར་སྟེགས་ཀྱི་མཛེས་རྩལ་ནི་ལྟད་མོ་བ་དང་སྤེལ་རེས་བྱེད་པའི་སྐད་ཆ་རེད་ཅེས་བརྗོད་ན། ལོ་རྒྱུས་སྙན་ངག་ཟློས་གར《འུན་ཤིང་ཀོང་ཇོ》ཡི་ནང་། ཧ་ཅང་ཡིད་དབང་འཕྲོག་པའི་གར་སྟེགས་ཀྱི་མཛེས་རྩལ་ནི་ལྟད་མོ་བ་དང་ཟློས་གར་དབར་སེམས་ཁམས་ཀྱི་སྤེལ་རེས་ཤིག་རེད། ཐང་རྒྱལ་རབས་ཀྱི་ཕོ་བྲང་ངམ་ཡང་ན་བཙན་པོའི་དུས་ཀྱི་རི་ཆུ་གང་ཞིག་ཡིན་རུང་། ལོ་རྒྱུས་ཀྱི་མི་ཆོས་རྣམ་པ་ལེགས་པར་མངོན་ཡོད།

    གློག་འོད། ཡི་གར་འོང་ཞིང་ཉམས་དང་ལྡན་པའི་ངང་གནས་ཚུལ་ངོ་མ་ཇི་མ་ཇི་བཞིན་མཚོན་པ།

    ཟློས་གར་ཧྲིལ་པོའི་གློག་འོད་ལ་རྒྱལ་ནང་གི་གློག་འོད་ལག་རྩལ་ཡག་ཤོས་སྤྱད་ཡོད། གར་སྟེགས་ཐོག་གི་འཁྲབ་ཚིག་རེ་རེ་དང་འཁྲབ་ཡུལ་རེ་རེ་ཚང་མར་གློག་འོད་ཀྱི་གཞོགས་འདེགས་ཞིབ་ཚགས་ཤིང་ཡང་སྐོར་བསྐྱར་སྐོར་ངང་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པས། བརྒྱུད་རིམ་རྙོག་དྲ་ཆེ་བ་ཞིག་ཡོད། གློག་འོད་ཚང་མ་ནི་བསམ་བློ་དང་། དོན་སྙིང་། ཚིག་ཚོགས་བཅས་ལྡན་པའི“དོན་བྲིས་སྙན་ངག”ལྟ་བུ་ཡིན་པས། དེ་དག་ནི་ཟློས་གར་གྱི་ནང་དོན་གོང་དུ་འཕེལ་བའི་བྱ་ཐབས་གལ་ཆེན་ཞིག་རེད། ལྟད་མོ་བ་ཚོས་ཟློས་གར་གྱི་ནང་དོན་དང་དོན་སྙིང་སྔར་བས་གཏིང་ཟབ་ཤེས་ཚོར་ཐུབ་པར་བྱེད་པ་དང་ཆབས་ཅིག གློག་འོད་ཀྱིས་ཧང་སངས་དགོས་པའི་མིག་གི་ལོངས་སྤྱོད་བཏོད་དེ་སྙན་ངག་གི་ཉམས་དང་ལྡན་པའི་ངང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ལ་བརྩེ་བ་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་མིག་ཡིད་རྣ་བའི་དགའ་སྟོན་དུ་བཤམས་ཡོད།

    གྱོན་ཆས། ཞིབ་ཆ་ཆེ་བའི་མཛེས་རྒྱན།

    ཟློས་གར་འདིར་རྒྱ་ཆས་དང་བོད་ཆས་ཚུད་པའི་གྱོན་ཆས་སྣ་ཚོགས་300ལྷག་ཙམ་ཡོད་པ་དེ་དག་ནི་ཡུལ་སྲོལ་གོམས་གཤིས་མི་འདྲ་བར་གཞིགས་ནས་ལོ་རྒྱུས་ཀྱི་དོན་དངོས་ལ་བརྟག་དཔྱད་དང་ཇུས་འགོད་བྱས་པ་ཤ་སྟག་རེད། ཟློས་གར་འདིར་བོད་བཙན་པོ་དང་ཐང་རྒྱལ་རབས་ཀྱི་རྒྱན་གོས་ཆ་ཚང་བ་དང་བཀྲག་མདངས་ཆེ་ལ་ལོ་རྒྱུས་ཀྱི་སྣང་བ་སྦྱིན་པ་དང་། ཐང་རྒྱལ་རབས་ཀྱི་གྱོན་གོས་སེར་པོ་ཡིན་པས་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་རྩེ་སོན་ཟིལ་ཉམས་མངོན་ཡོད། གནའ་བོའི་བོད་བཙན་པོའི་གྱོན་གོས་ཐལ་མདོག་ཡིན་ལ་བབ་ཆགས་པའི་ཉམས་བཟང་མངོན་ཡོད། བརྟག་དཔྱད་ཐེངས་མང་བྱས་རྗེས་གྲུབ་པའི་གྱོན་གོས་དེ་དག་འཁྲབ་སྟོན་གྱི་ནང་དོན་དང་མཐུན་པས། ལྟད་མོ་བས་ལོ་རྒྱུས་ཀྱི་ཉམས་སྣང་ཟབ་མོ་ཚོར་ཡོད།

    རམ་དཀྲོལ། གསོན་ཉམས་དོད་པའི་ཡུལ་དངོས་ཀྱི་སྣང་བ།

    ཟློས་གར་འདིའི་རྫི་གླུ་སྙན་མོ་ཚངས་པའི་དབྱངས་དང་གཉིས་སུ་མེད་པར་ཡུལ་དུས་མེད་པར་རྒྱང་རིང་བྱང་ཐང་གི་ས་མཐོར་མངོན་པ་དང་། མེ་ཏོག་སྣ་བརྒྱ་བཞད་པའི་དྲི་བསུང་འཐུལ་བ་དང་ཤ་ཤེད་རྒྱས་པའི་ནོར་ལུག་བག་ཡངས་སུ་རྒྱུ་བ་ཚོར་ཐུབ། དེ་ལས་ཟློས་གར་ལ་འཚམ་པའི་རམ་དཀྲོལ་གྱི་བྱེད་སྟངས་སྤྱད་པ་མངོན་ཡོད། སྒོར་གཞས་དང་། ལྷ་མོ། རྒྱ་གཞས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་རོལ་མོ་སྦྱར་བས། བོད་ཡུལ་གྱི་སྟག་ཤར་གཞོན་པའི་ཕོ་ཉམས་དང་ཟིལ་ཉམས་ལེགས་པར་མངོན།

    འཁྲབ་ཆས། ཆེས་མངོན་སུམ་གྱི་མཐོང་ཚོར་སྐད་ཆ།

    ཟློས་གར་གྱི་འཁྲབ་ཆས་ཆེ་ཆུང་སྣ་ཚོགས་ནི་ལོ་རྒྱུས་ཀྱི་དོན་དངོས་དཔྱད་གཞིར་བཟུང་ནས་ལག་པས་བཟོས་སྟབས་མངོན་སུམ་འཁྲུལ་མེད་ངང་མངོན་ཡོད། གར་སྟེགས་སུ་དེ་དག་ངོམ་སྐབས་ཆེས་མངོན་སུམ་གྱི་མཐོང་ཚོར་སྐད་ཆར་གྱུར་ཡོད་པ་དང་། ཐང་རྒྱལ་རབས་ཀྱི་རྫོགས་ལྡན་དུས་སམ་ཡང་ན་དར་ཞིང་རྒྱས་པའི་བོད་བཙན་པོའི་དུས་དང་། ཀོང་ཇོ་ཁྲོས་ནས་མེ་ལོང་སིལ་བུར་བཅག་དུས་རི་སུལ་ནས་གློག་འོད་འཕྲོ་བའམ་གཉིད་ལས་སད་དུས་སྨུག་པའི་ཁྲོད་ཀྱི་སྒྲོན་མེ་རབ་རིབ། ཡང་ན་གངས་རི་བརྒལ་དུས་ཀྱི་ཁ་བ་བུ་ཡུག་གམ་ཡང་ན་ལམ་བར་གྱི་ཁམ་བུའི་ལྗོན་ཤིང་གི་ཚོམ་བུ་བཅས་གང་ཡིན་རུང་། ཡོ་བྱད་དག་ལས་རང་བྱུང་བབ་ཆགས་དང་ཡི་གར་འོང་བའི་སྣང་བ་དངོས་ཚོར་བ་དང་ཚང་མར་འཚམ་ཞིང་རན་པའི་ནུས་པ་ལྡན་འདུག

    ལོ་བདུན་སྦྱོང་བརྡར་བྱས་པའི་བརྩམས་ཆོས་གསར་པ།

    ལོ་རྒྱུས་སྙན་ངག་ཟློས་གར《འུན་ཤིང་ཀོང་ཇོ》ལ་ལོ་དྲུག་རིང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། དུས་ཚིགས་གསར་པར་འཁྲབ་སྟོན་བྱེད་སྐབས་སྔར་བཞིན་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཧུར་ཐག་བྱས་པས། ལོ་བདུན་གྱི་སྦྱོང་བརྡར་ལས་ལྟད་མོ་ཚོའི་མིག་ཡིད་ཀྱི་སྟོན་མོར་གྱུར་ཡོད།

    “ལོ་རྒྱུས་སྙན་ངག་ཟློས་གར་ལ་མཚོན་ན། གསར་སྒྱུར་རིམ་སྤོར་བྱེད་ཐེངས་རེར་འགྲན་སློང་རང་བཞིན་ཧ་ཅང་ཆེ་བ་དང་། ལྷག་དོན་དུ《འུན་ཤིང་ཀོང་ཇོ》ལྟ་བུའི་གཞི་ཁྱོན་ཆེ་ལ་ལོ་མང་འཁྲབ་པའི་ལོ་རྒྱུས་སྙན་ངག་ཟློས་གར་གྲགས་ཅན་འདི་ནི་ལྷག་པར་ཏུ་དེ་ལྟར་རེད། གསར་སྒྱུར་དང་རིམ་སྤོར་བྱེད་ཐེངས་རེར་ང་ཚོས་གཟབ་ནན་དང་བརྟག་དཔྱད་ཡང་ཡང་བྱེད་ཀྱི་ཡོད། འདི་ལོ་ང་ཚོས་ཟློས་གར་གྱི་བྱུང་རིམ་ཞིབ་ཕྲའི་ཐད་སྔར་བས་ལེགས་བཅོས་དང་གསར་རྩོམ་གང་ལེགས་བྱས་པས། དེ་བས་ལྟད་མོ་ཆེ་བ་དང་ཕུན་སུམ་ཚོགས་པར་གྱུར་ཡོད”ཅེས་འདི་ལོའི་ཟློས་གར་འདིའི་ལེགས་བཅོས་རིམ་སྤོར་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་གཞོན་པ་པའེ་ཅིས་བཤད།

    ས་གནས་ས་ཐོག་ཏུ་གསར་འགོད་པར་ཤེས་རྟོགས་བྱུང་གསལ། ལོ་རྒྱུས་སྙན་ངག་ཟློས་གར《འུན་ཤིང་ཀོང་ཇོའི》དུས་ཚིགས་འདིའི་འཁྲབ་སྟོན་འདི་སྔོན་འགྲོའི་འཁྲབ་ཚན་ནས་འཁྲབ་ཚན་ལྔ་པ་བར་ཞིབ་ཕྲའི་རྣམ་པ་ཧྲིལ་པོའི་ནང་སྦྱོང་སོགས་མངོན་པ་དང་། དེ་བས་ཞིབ་ཚགས་ཅན་གྱི་ལེགས་སྒྲིག་བྱས་ནས། བོད་ཡུལ་གྱི་ཆེས་གཉུག་མའི་རིག་གནས་ཁྱད་ཆོས་བསྣན་ཡོད་སྟབས་འཁྲབ་སྟོན་ཧྲིལ་པོའི་རིག་གནས་མཚོན་ཚུལ་ཐད་དེ་བས་ཡིད་དབང་འཕྲོག་ཤུགས་ལྡན་པ་དང་། མཐོང་ཚོར་ཉམས་ལེན་ཐད་དེ་བས་གཡོ་འགུལ་གྱི་ཚོར་སྣང་སྦྱིན་ཐུབ། ལྷག་པར་དུ་འཁྲབ་ཚན་གཉིས་པའི་ཆུ་གཞུང་གི་ཡུལ་ལྗོངས་དང་འཁྲབ་སྟོན་པའི་ཐད་ལེགས་སྒྲིག་ཆེན་པོ་བྱས་པས། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། གཞན་ཡང་འཁྲབ་གཞུང་ཧྲིལ་པོའི་ནང་དམངས་སྲོལ་དང་འཚོ་བའི་གནས་ཚུལ་ཙག་ཙིག་མང་དུ་བཏང་བས། ཟློས་གར་དེའི་ནུས་པ་དེ་བས་ལེགས་སུ་སོང་ཡོད། དེ་དང་དུས་མཚུངས་འདི་ལོའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་འཁྲབ་སྟོན་པ་གསར་པ་སླེབས་པ་དེས་དུས་ཚིགས་བདུན་པའི་འཁྲབ་སྟོན་དེ་བས་ལྟད་མོ་ཆེ་བ་ཡོང་རྒྱུ་རེད།

    “ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལོ་དྲུག་རིང་འཁྲབ་པས། བོད་ཀྱི་རིག་གནས་དར་རྒྱས་དང་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་བྱེད་པར་ནུས་པ་གལ་ཆེན་ཐོན་པ་དང་དུས་མཚུངས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་དེས་ཡུལ་དེའི་མི་སེར་གྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ལ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མང་པོ་ཐོན་ཡོད”ཅེས་ཡུས་ཧྲེང་ཧོ་མའེ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཧོ་ཕིང་གིས། འདི་ལོ་ཟློས་གར་འདི་དུས་ཚིགས་བདུན་པར་སླེབས་པ་དང་། ཟློས་གར་འདི་ལེགས་སྒྲིག་རིམ་སྤོར་བྱེད་པ་ཕུད། ཡུས་ཧྲེང་ཧོ་མའེ་ཡིས་ད་དུང་འུན་ཤིང་ཀོང་ཇོའི་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་གླིང་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གླིང་། 《གྱིམ་ཤིང་ཀོང་ཇོའི》ལོ་རྒྱུས་གར་སྟེགས་ཟློས་གར་མུ་མཐུད་བཏོད་དེ་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རིན་ཐང་དེ་བས་ཆེ་བ་གཏོད་རྒྱུ་རེད་ཅེས་བཤད།

    ཧོ་ཕིང་གིས་བོད་ཀྱི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྒྱབ་ལྗོངས་འོག ང་ཚོས་ད་དུང་ཡུལ་སྐོར་ལས་རྣམ་དང་ཡུལ་སྐོར་ཐོན་རྫས་གསར་པ་བཏོད་དེ་ལྷ་ས་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སར་གཏོད་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ས་ཁུལ་གྱི་ཀ་རྟེན་ཐོན་ལས་སུ་འགྱུར་བར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད་ཅེས་བཤད། ཡུས་ཧྲེང་ཧོ་མའེ་ཡིས“ཐོན་ལས་ལ་བརྟེན་ནས་རིག་གནས་མཚོན་པ་དང་ཁྲོམ་རར་བརྟེན་ནས་གདེང་ཚོད་མངོན་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་རིག་གནས་ཐོན་ལས་ལ་བརྟེན་ནས་རིག་གནས་ཀྱི་གདེང་ཚོད་མཚོན་པར་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་ཉམས་ལེན་འབད་སྒྲུབ་ཀྱི་སྒོ་ནས་རིག་གནས་ཁེ་ལས་སྟོབས་ཆེར་བཏང་ཐོག ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཀྱི་རིག་གནས་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

    འདི་ལོ་ནི་ལོ་རྒྱུས་སྙན་ངག་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་འགོ་ཚུགས་ནས་ལོ་བདུན་སོང་བའི་ལོ་ཞིག་ཡིན་ཞིང་། ལོ་བདུན་གྱི་རྗེས་སུ་གསོན་ཉམས་ལྡན་པའི་རིམ་སྤོར་བྱས་ཏེ་འགོ་གསར་རྐྱང་ཞིག་བཙུགས་ཡོད། བོད་ལྗོངས་གསར་པའི་རིག་གནས་ཡུལ་སྐོར་ངོམ་སྟོན་གྱི་སྐར་ཁུང་ལྟ་བུ་ཡིན་པའི་ལོ་རྒྱུས་སྙན་ངག་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་རིང་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཀྱིས་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་མི་སེམས་འགུལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།

    664824_yis_1569402363063_s.jpg

    664828_yis_1569402364293_s.jpg

    664825_yis_1569402363363_s.jpg

    664826_yis_1569402363663_s.jpg

    664829_yis_1569402364623_s.jpg

    པར་འདི་དག་ནི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་གྱི་ཟུར་ཙམ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།