[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • སྙན་གྲགས་ཀྱི་བ་དན་སྲིད་རྩེར་ཁྱབ་པའི་རེབ་གོང་གི་སྒྱུ་རྩལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་རིང་ཆོས་སྒྲོན། ཉི་མ་ཚེ་རིང་།    |    སྤེལ་དུས།   2019-07-24

    ལྷན་རྒྱས་གྱིས་མཁྱེན་གསལ་ལྟར། རང་རེའི་སྔོན་བྱོན་མེས་པོ་རྣམས་ཀྱིས་དཀའ་བ་དང་དུ་བླངས་ནས་ཡུལ་གྲུ་ཀུན་ལ་ངོམས་སུ་ཆོག་པའི་སྒྱུ་རྩལ་མང་དག་ཅིག་གསར་གཏོད་གནང་ཡོད། ཐང་ག་ནི་སྒྱུ་རྩལ་མང་པོའི་ཁྲོད་ཀྱི་གྲས་ཤིག་ཡིན། ཐང་གའི་སྒྱུ་རྩལ་སྐད་གྲགས་ཤིན་ཏུ་ཆེ་བས་འཛམ་གླིང་ཤར་ནུབ་ཏུ་གནས་པའི་སྐྱེ་བོ་ཚོའི་རྣ་བར་ཐང་ག་ཞེས་ཐོས་ཚེ་ཆ་རྒྱུས་མེད་མཁན་ཧ་ཅང་ཉུང་ཉུང་ཡིན། དེང་གི་དུས་སུ་ལྷ་རིས་པ་མང་པོས་སྲོལ་རྒྱུན་གྱི་འབྲི་ཐབས་རྒྱུན་འཛིན་ཐོག་རང་གི་བློ་གྲོས་ལ་བརྟེན་ནས་གསར་གཏོད་ཀྱང་མང་དག་ཅིག་བྱས་དང་བྱེད་མུས་ཡིན། ཟླ་7ཚེས་22ཉིན་གྱི་སྔ་དྲོར། རྨ་ལྷོ་ཚགས་པར་ཁང་གི་བཀོད་སྒྲིག་ལྟར་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པའི་སྨྱན་སྦྱོར་འཐུས་མི་རེབ་གོང་སྒྱུ་རྩལ་གྱི“དཔེ་སྟོན་དུད་ཁྱིམ” དང་། རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་། རེབ་གོང་རིག་འབྱུང་གླིང་བཅས་སུ་བཅར་འདྲིར་བསྐྱོད་པ་ཡིན།

    image002.jpg

    འདི་ནི་ལྷ་རིས་པ་སྐལ་བཟང་རྒྱ་མཚོ་ཡིན་པ།

    image004.jpg

    སྐལ་བཟང་རྒྱ་མཚོས་རང་གི་བརྩམས་ཆོས་གསར་འགོད་པར་ངོ་སྤྲོད་བྱེད་བཞིན་པ།

    སྐལ་བཟང་རྒྱ་མཚོའི་ཁྱིམ་ཚང་ནི་རེབ་གོང་སྒྱུ་རྩལ་གྱི“དཔེ་སྟོན་དུད་ཁྱིམ”ཞིག་ཡིན་པ་དང་། ཁོང་ནི་ཆུང་དུས་ནས་ཐང་གའི་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་པའི་ལྷ་རིས་པ་ཞིག་ཡིན། མ་གཞི་ཁོང་སློབ་གྲྭར་ལོ་མང་པོ་འགྲོ་མྱོང་མེད་ཀྱང་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། ཁོང་གིས་གསར་འགོད་པར་རང་གི་ལས་ཀ་ངོ་སྤྲོད་བྱེད་སྐབས། ཁོང་ནི་བློ་གྲོས་ཀྱིས་ཕྱུག་ཅིང་རང་རང་ལ་དམིགས་ཡུལ་གསལ་པོ་ལྡན་མཁན་ཞིག་ཡིན་པ་ཤེས་ཚོར་ཐུབ་བྱུང་། མིག་སྔའི་བར་དུ་ཁོང་ལ་ཞིང་ཆེན་དང་། རྫོང་སོགས་ནས་སྤྲད་པའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། ཁོང་གིས“དེང་གི་དུས་སུ་ལྷ་རིས་པ་ཚོས་ཐང་ག་འབྲི་སྐབས་ངེས་པར་དུ་མེས་པོའི་འབྲི་སྟངས་རྒྱུན་འཛིན་ཐོག་གསར་གཏོད་ཀྱི་བསམ་བློ་ངེས་པར་དུ་དགོས”ཞེས་གསར་འགོད་པར་བཤད་བྱུང་། 

    image006.jpg

    འདི་ནི་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་ཡིན་པ།

    image008.jpg

    འགྲེལ་བཤད་པ་དཀོན་མཆོག་བཀྲ་ཤིས་ཀྱིས་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ཐང་ག་ངོ་སྤྲོད་བྱེད་བཞིན་པ།

    རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི་དངོས་མིན་རིག་གནས་ཤུལ་བཞག་གི་ཕྱོགས་བསྡུས་སྦྱོང་སྤེལ་ལྟེ་གནས་ཤིག་ཡིན། གསར་འགོད་པ་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་འབྱོར་སྐབས་ལྷ་རིས་པ་ཚོས་རི་བོ་རྩེ་ལྔ་ནས་མངག་ཉོ་བྱས་པའི་ཐང་ག་འབྲི་བའི་སྒང་རེད། འགྲེལ་བཤད་པ་དཀོན་མཆོག་བཀྲ་ཤིས་ཀྱིས“སྒྱུ་རྩལ་གླིང་འདིའི་ཐང་གའི་འབྲི་སྟངས་སྨན་ལུགས་ཡིན། སྤྱིར་ཐང་ག་འབྲི་བར་བརྒྱུད་རིམ་བརྒྱད་ཙམ་བརྒྱུད་དགོས། ཐང་ག་རྣམས་ཞིབ་ཚགས་ཀྱི་ལམ་ནས་བྲིས་ཚེ་སྟབས་བདེ་ཞིག་འབྲི་བར་ཡང་ཟླ་བ་བཞི་ནས་ལྔ་བར་འགོར་གྱི་ཡོད། གལ་ཏེ་རྒྱས་པ་བྲིས་ཚེ་ལོ་བཅུ་ཡན་འགོར་པ་ཡང་ཡོད། ཐང་ག་འབྲི་བའི་ལོ་ཚད་ཡག་ཤོས་ནི་ལོ་ཉི་ཤུ་ནས་སུམ་ཅུ་སོ་ལྔ་བར་ཡིན། ལོ་ན་ཆེར་སོང་ན་མིག་མི་གསལ་བ་དང་། ལག་པ་རིམ་གྱིས་འདར་ནས་ཐང་ག་ཡག་པོ་ཡོང་གི་མ་རེད”ཅེས་གསར་འགོད་པར་བཤད་བྱུང་། སྒྱུ་རྩལ་གླིང་འདིས་མདོ་སྨད་ཀྱི་རི་མོའི་མདངས་ཧ་ཅང་བཀྲ་བའི་རྨང་གཞིའི་ཐོག་ཞིབ་ཚགས་པའི་འབྲི་སྟངས་རྒྱུན་འཛིན་ལེགས་པར་བྱས་ཤིང་། ནག་ཐང་དང་ཚོན་ཐང་སྤེལ་མར་སྦྱར་བའི་འབྲི་སྟངས་སོགས་གསར་གཏོད་བྱས་ཡོད། 

    image010.jpg

    རེབ་གོང་རིག་འབྱུང་གླིང་གི་རྒན་ཤ་བོ་སྐྱབས་ལགས་ཀྱི་འདྲ་བཟོ་ཡིན་པ། 

    image012.jpg

    གསར་འགོད་པས་བརྩམས་ཆོས་ཁག་ལ་རྒྱུས་ལོན་བྱེད་བཞིན་པ།

    image014.jpg

    རྒན་ཤ་བོ་སྐྱབས་ལགས་ཀྱིས་བརྩམས་གནང་བའི་གསར་དར་ཐང་ག

    image016.jpg

    ཀོ་ལྤགས་ཐོག་བྲིས་པའི་ཐང་ག

    ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་ཧ་ཅང་མཐོང་ཆེན་གནང་ཡོད། རིག་འབྱུང་གླིང་ནི་སྲིད་གཞུང་གི་རོགས་སྐྱོར་བྱས་པའི་རྨང་གཞིའི་ཐོག་རྒན་ཤ་བོ་སྐྱབས་ཀྱིས་འབད་བརྩོན་ལྷོད་མེད་གནང་སྟེ་གཞི་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན། རྒན་ཤ་བོ་སྐྱབས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པ་དང་། ལྷག་པར་དུ་འཇིམ་སྐུ་བཟོ་བའི་ལག་རྩལ་ལ་ཤིན་ཏུ་མཁས་པོ་ཡོད། གསལ་འགྲེལ་པ་མཆོག་གསུམ་སྲུང་གིས“གལ་ཏེ་རང་ཉིད་ཐང་གའི་སྒྱུ་རྩལ་སྦྱོང་འདོད་ཡོད་ན་རིན་མེད་ཐོག་རིག་འབྱུང་གླིང་དུ་སྦྱོང་ཆོག་པ་དང་། སློབ་གྲྭ་ནས་ཟ་མ་མཁོ་འདོན་བྱེད་པ་མ་ཟད། གླ་ཆའང་ཕྲན་བུ་སྤྲོད་ཀྱི་ཡོད། མཐར་ཕྱིན་རྗེས་མུ་མཐུད་ནས་རིག་འབྱུང་གླིང་དུ་ལས་ཀར་ཞུགས་ཆོག་ལ་གཞན་དུ་ལས་ཀ་འཚོལ་ཡང་ཆོག”ཅེས་གསར་འགོད་པར་བཤད་བྱུང་། རྒན་ཤ་བོ་སྐྱབས་ནི་དགུང་ལོ་བརྒྱད་ཀྱི་སྐབས་ནས་རི་མོ་སྦྱངས་པ་དང་། རྒྱལ་ཁབ་སུམ་ཅུ་ལྷག་ཙམ་ལ་ཕེབས་ནས་བོད་ཀྱི་སྒྱུ་རྩལ་ཁྱབ་སྤེལ་བཏང་གནང་བས། ཕྱིའི་རྒྱལ་ཁབ་ནས་ཀྱང་དགའ་བསུ་ཆེན་པོ་ཐོབ་ཡོད། རེབ་གོང་གི་ཐང་གའི་སྒྱུ་རྩལ་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད་རེབ་གོང་གི་ཚེམ་དྲུབ་དང་། རྡོ་བརྐོས། དཔར་བརྐོས། འཇིམ་བཟོ་སོགས་ཀྱང་སྐད་གྲགས་ཆེན་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།