[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • རང་སྐྱོང་ལྗོངས་ཀྱི《གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད》ཅེས་པའི་བརྗོད་དོན་གཙོ་བོའི་སྐོར་འཁྲབ་ཚོགས་པས་ཉིང་ཁྲིར་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི《གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད》ཅེས་པའི་བརྗོད་དོན་གཙོ་བོའི་སྐོར་འཁྲབ་ཚོགས་པ་ཉིང་ཁྲིར་འབྱོར་ནས་སྐོར་སྐྱོད་འཁྲབ་སྟོན་བྱས་པ་རེད། 

    འཁྲབ་སྟོན་ལས་གནས་ཚུལ་བསྐྱར་མཚོན་བྱས་ཏེ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། སྒེར་གཅོད་ནས་དམངས་གཙོ། དབུལ་ཕོངས་ནས་འབྱོར་ཕྱུག བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཇི་བཞིན་མཚོན་ཞིང་། ཞབས་བྲོ《ཁ་བཏགས་དཀར་པོ་མ་ཡུམ་མེས་རྒྱལ་ལ་འབུལ》ཞེས་པ་ནས་འཁྲབ་སྟོན་འགོ་ཚུགས་ཏེ་རྐྱང་གཞས་དང་། ཞབས་བྲོ། ཡུལ་ལྗོངས་གླུ་གར། སྒྲ་གདངས་ཉིས་སྦྲགས། གཞས་མ་གཏམ་སོགས་འཁྲབ་ཚན་ཕུན་སུམ་ཚོགས་པ་རེ་རེ་མིག་ཡིད་རྣ་བའི་དགའ་སྟོན་དུ་བཤམས་པ་རེད། 《གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད》དང《མི་དམངས་ཀྱི་གདམ་ག》སོགས་འཁྲབ་ཚན་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དགའ་སྤྲོའི་བརྩེ་དུང་ཟབ་མོར་མཚོན་པ་དང་།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དྲིན་ཚོར་ཟབ་མོ་དང་ལྷག་བསམ་ཆེན་པོ་མངོན་ཡོད་པ་རེད། 

    “འཁྲབ་ཚན་ལྟད་མོ་ཆེན་པོ་འདུག་ལ་ནང་དོན་ཡང་ཕུན་སུམ་ཚོགས་པོ་འདུག ངས་བོད་རྙིང་པའི་སྡུག་བསྔལ་དང་བོད་གསར་པའི་བདེ་སྐྱིད་དངོས་འབྲེལ་ཚོར་བྱུང་བས་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་ལྡབ་འགྱུར་བྱས་ནས་དངོས་སྒྲུབ་ཧུར་ཐག་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འབྱོར་ཕྱུག་སྔར་བས་ལྡན་པའི་འཚོ་བ་སྐྱེལ་གྱི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོའི་གྲོང་མི་སྐལ་བཟང་དབང་ཕྱུག་གིས་འཁྲབ་སྟོན་ལ་བལྟས་རྗེས་སེམས་འགུལ་ཐེབས་པའི་ངང་བཤད། 

    “འཁྲབ་སྟོན་ལ་བལྟས་རྗེས། ང་ལ་བྱུང་བའི་ཚོར་སྣང་ཟབ་ཤོས་ནི་རང་རེའི་བོད་ཀྱི་མི་དམངས་ལ་དུས་ཐུང་ལོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་དངོས་གནས་བྱུང་ཡོད་པ་དེ་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་ཆུ་དོན་ཚོགས་པའི་ལས་བཟོ་བ་ཁང་ཅན་གྱིས་བཤད། 

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་གནས་སྒྱུ་རྩལ་ཁྲུའུ་ཡི་བརྟག་ཞིབ་པ་ཟླ་བ་ཚེ་རིང་གིས། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་སྐོར་འཁྲབ་བྱེད་སྒོ་འདི་རིགས་སྔར་བས་མང་བ་སྤེལ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རིག་གནས་གྲུབ་འབྲས་སྔར་བས་ཕུན་སུམ་ཚོགས་པོ་དང་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པོ་ལོངས་སྤྱོད་ཐུབ་པར་བྱས་ཏེ་ཕན་པ་སུ་ལ་ཐོབ་པ་དང་ཕན་པ་གང་ནས་བྱུང་བ་རྟོགས་སུ་འཇུག་པ་དང་། ཏང་གི་རྗེས་སུ་འབྲང་བའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་གི་ཡིན་ཞེས་བཤད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།