[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • སྣ་མང་རིག་གནས་ཀྱིས་ཕྱུག་པའི་སྙེ་མོ། རྩེར་སོན་ཤུལ་བཞག་གིས་བརྒྱན་པའི་ཕ་ཡུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-22

    633719_yis_1560835056964.jpg

    མཛེས་ལྗོངས་ཡི་དགར་འོང་བའི་སྙེ་མོ་རྫོང་།

    633721_yis_1560835057526.jpg

    སྲོལ་རྒྱུན་འཐག་རྩལ་བསྐྱངས། སྒོ་རྩར་ལས་ཞུགས་ཐུབ།

    633723_yis_1560835058072.jpg

    དམངས་སྲོལ་བྱེད་སྒོ་སྤེལ། རིག་གནས་འཚོ་བ་དར།

    633725_yis_1560835058649.jpg

    ཤིང་པར་བཟོ་བཀོད་མཛེས། ཕ་ཡུལ་སྙེ་མོའི་རྒྱན།

    633722_yis_1560835057776.jpg

    གྲོང་གསེབ་གསར་པ་མཛེས། མང་ཚོགས་འཚོ་བ་སྐྱིད།

    633720_yis_1560835057230.jpg

    འགྲིམ་འགྲུལ་གོང་དུ་འཕེལ། ཕ་ཡུལ་ཀུན་ལས་སྐྱིད།

    633724_yis_1560835058353.jpg

    ཁྱད་འཕགས་ལག་ཤེས་ངོམས། འབབ་འཕར་ཕྱུག་འགྱུར་བཟང་།

    ཉི་འོད་རབ་ཏུ་འཚེར་བའི་དཔྱིད་དུས། གསར་འགོད་པ་རྒྱལ་ལམ་318བརྒྱུད་དེ་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་120ཙམ་ཆོད་པའི་སྙེ་མོ་རྫོང་དུ་འབྱོར་བྱུང་། ཡུལ་འདིར་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་ཚོམ་བུས་རབ་ཏུ་རྒྱན་པ་དང་། གང་སར་མཛེས་ཤིང་ལྟ་ན་སྡུག་པའི་སྐལ་བཟང་མེ་ཏོག་དང་མི་སེམས་རབ་ཏུ་མྱོས་པའི་ནས་ཆང་། དེ་བཞིན་གང་སར་ལྷབ་ལྷུབ་ཏུ་གཡོ་བའི་དཀར་གཙང་ཁ་བཏགས་སོགས་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་མི་སེམས་ལ་གཡོ་འགུལ་ཐེབས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་བཟོ་བོའི་སྙིང་སྟོབས་ཀྱང་མྱོང་རོལ་བྱ་རྒྱུ་འདུག

    སྤོབས་ཉམས་འདི་འདྲ་བ་ནི་སྙེ་མོའི་ཞི་མཐུན་དང་། མི་རིགས་འཆམ་མཐུན། དམངས་སྲོལ་བབ་ཆགས་པ་བཅས་ལས་བྱུང་ཞིང་། སྤོབས་ཉམས་འདི་འདྲ་བ་ནི་སྙེ་མོའི་མཛེས་ལྗོངས་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། གནའ་ཤུལ་བརྗིད་ཉམས་ལྡན་པ། ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བཅས་ལས་བྱུང་བ་ཤ་སྟག་རེད།

    སྙེ་མོ་རྫོང་འདི་ཉིད་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་པ་དང་། ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་དང་བར་ཐག་སྤྱི་ལེ་120ཙམ་ཆོད། ཆ་སྙོམས་ས་བབ་སྨི་4000ཟིན་ཞིང་། རྫོང་ཁོངས་སུ་ཤང་དང་གྲོང་རྡལ་8དང་། སྲིད་འཛིན་གྲོང་ཚོ(གྲོང་ལྷན)33ཡོད་པ་དེ་ནི་སྣོད་བཅུད་ཞིང་འབྲོག་ལས་གཙོ་བོར་བྱེད་པ་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བཞིན་པའི་ས་མཐོའི་ཁྱད་ལྡན་རྫོང་གྲོང་ཆུང་གྲས་ཤིག་རེད།

    སྙེ་མོར“བོད་ཡིག་སྲོལ་གཏོད་པའི་ཕ་ཡུལ་དང་། སྤོས་ཀྱི་རིག་གནས་འབྱུང་ཁུངས། ལྷ་སའི་ལག་ཤེས་བཟོ་ཁང་། ལྷ་སའི་འབྲུ་མཛོད”སོགས་ཀྱི་མཚན་སྙན་མང་པོ་ཐོབ་པ་དེ་ལས་འདི་གར་གནའ་བོའི་དཔོག་དཀའ་བའི་མི་རིགས་ཀྱི་རིག་གནས་དང་ཕུན་སུམ་ཚོགས་པའི་ཞིང་འབྲོག་ཐོན་རྫས་ཡོད་པ་མཚོན་པས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆེན་པོ་ཡོད།

    སྲོང་བཙན་སྒམ་པོའི་དུས་སྐབས་ཀྱི་མཛངས་མི་བདུན་ཁྲོད་ཀྱི་ཐོན་མི་སམ་བྷོ་ཊས(སྤྱི་ལོ་617ནས་སྤྱི་ལོ་650བར) ཡུལ་འདི་གར་བོད་ཡིག་གསར་གཏོད་དང་ཆབས་ཅིག སྤོས་བཟོའི་ལག་རྩལ་ས་གནས་དེ་གའི་མི་སེར་ཚོར་བརྒྱུད་ཁྲིད་གནང་། ལོ་ངོ་སྟོང་ཕྲག་སོང་རུང་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་སྙེ་མོའི་མི་དམངས་ཚོས་གནའ་བོའི་བཟོ་རྩལ་འདི་དག་རྒྱུན་འཛིན་བྱས་ནས་སྤོས་བཟོའི་ལག་ཤེས་དང་བོད་ཡིག་དར་རྒྱས་གོང་འཕེལ་བཏང་།

    ད་ཆ་ཆུ་འཐག་282ལས་གྲུབ་པའི“ཆུ་འཐག་བར་ཁྱམས”ཀྱི་མཛེས་ལྗོངས་དང་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི“སྙེ་བྲིས”སྔར་བཞིན་ཉར་ཚགས་ཡག་པོ་བྱུང་བ་འདི་དག་ལོ་ངོ་སྟོང་གི“འགྱུར་རྡོ་གསོན་པོ”ཞིག་རེད།

    སྙེ་མོ་རྫོང་ནི་བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་རྒྱུན་འཛིན་ཕུན་སུམ་ཚོགས་ཤོས་ས་ཁུལ་གྱི་གྲས་ཤིག་ཡིན་པས། ཉེ་རིང་གང་སར“བཟོ་བོའི་ཕ་ཡུལ”ཞེས་སྐད་གྲགས་ཆོད། ད་ཆ་དེ་གར་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། ལྷ་ས་གྲོང་ཁྱེར་རིམ་པ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་10ཙམ་ཡོད་པའི་ནང་ནས་མཚོན་བྱེད་རང་བཞིན་ཆེ་ཤོས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཞོ་ལེགས་བོད་ཤོག་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དར་རོང་གི་འབག་དཀར་ལྷ་མོ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྙེ་མོའི་སྤོས་དང་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཕུ་གསུམ་པར་ཤིང་སོགས་ཡིན་པའི་ནང་ནས་སྤོས་དང་། བོད་ཤོག པར་ཤིང་བཅས་གསུམ་པོར“སྙེ་མོའི་གཅེས་ནོར་གསུམ”ཞེས་བརྗོད་ཀྱི་ཡོད། ལོ་ངོ་1300ལྷག་ཙམ་རིང་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་འདི་ཉིད་སྙེ་མོར་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ནས་སྙེ་མོའི“ལྷ་སའི་བཟོ་ཁང”ཞེས་པའི་མཚན་སྙན་ཐོབ་ཡོད།

    དུས་རབས་གསར་པར་སླེབས་ཚུན། སྙེ་མོ་རྫོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་མཐའ་འཁྱོངས་བྱས་ཁར། ལྷ་ས་གྲོང་ཁྱེར་གྱི“འཐབ་ཇུས་ཆེ་གྲས་དྲུག”དང་རང་རྟོགས་ངང་མཉམ་འདྲེས་ཐུབ་པ་བྱས་ནས་སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད། སྙེ་མོའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད།

    ད་ཆ་སྙེ་མོ་རྫོང་གིས“དྲི་ཞིམ་འཐུལ་བའི་ཕ་ཡུལ”ཞེས་པའི་ཁྱད་ལྡན་རིག་གནས་སྤུས་རྟགས་ཁྱབ་གདལ་བཏང་ནས་སྙེ་མོ་རྫོང་གི་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་འཆར་འགོད་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། བོད་བྱའི་ཐོན་ལས་གོང་འཕེལ་གྱི་གཞི་ཁྱོན་རགས་ཙམ་ཆགས་པ། དཀའ་སྤྱད་ངལ་རྩོལ་དང་། བློ་ཁོག་ཆེན་པོ། བློ་རིག་བཀྲ་བ་བཅས་ཀྱི་སྙེ་མོའི་མི་དམངས་ཀྱིས་རེ་བས་ཁེངས་པའི་ས་གཞིའི་ཐོག་དཀའ་སྤྱད་ངལ་རྩོལ་བྱས་ནས་ཆེས་གསར་ཤོས་དང་ཆེས་ཡིད་དུ་འོང་བའི་སྙེ་མོའི་ལེའུ་གསར་པ་བརྩམས་པ་དང་དཔེ་རིས་ལེགས་ཤོས་བཀོད་ཡོད། མི་རིང་བར། སྙེ་མོ་འདི་ཉིད་རེ་བའི་འོད་སྣང་ཁྲོད་དར་རྒྱས་གོང་འཕེལ་བྱུང་ནས་གངས་ལྗོངས་ས་མཐོར་སྔར་བས་འོད་མདངས་འཚེར་རྒྱུ་མ་ཟད། རྒྱལ་ཡོངས་དང་འཛམ་གླིང་ལ་སྙན་འཇེབས་ལྡན་ཤོས་ཀྱི་སྙེ་མོའི་གཏམ་རྒྱུད་བརྗོད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།