[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ལྷ་སའི་སྒྲ་སྙན་ཞབས་བྲོ་ཡུལ་དེ་ནས་དར་བ་ཤོད་སྲོལ་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཆུང་བདག    |    སྤེལ་དུས།   2019-05-14

    ལ་སྟོད་ལྷོ་གཞས། 

    ལྷོ་གཞས་ནི་སྟོད་གཞས་ཀྱི་རིགས་ཤིག་ཡིན་པ་དང་། དེར་ལྷོ་བྱང་གཉིས་སུ་དབྱེ་བ་ལས་ལྷོ་ལུགས་ཀྱི་ཁོངས་སུ་གཏོགས་ཤིང་། དེ་ཡང་། ལྷ་རྩེ་ནས་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་ལ་སྟོད་ཅེས་འབོད་སྲོལ་ཡོད་པ་དང་ལ་སྟོད་ལའང་ལྷོ་བྱང་གཉིས་སུ་ཕྱེ་སྲོལ་ཡོད་པ་ལས་ངམ་རིང་གིས་ལྟེ་བར་བྱས་པའི་ཁུལ་དེར་ལ་སྟོད་བྱང་དང་དིང་རི་ཤེལ་དཀར་གྱིས་གཙོས་པའི་ཁུལ་ལ་ལ་སྟོད་ལྷོ་ཞེས་འབོད་སྲོལ་ཡོད། ཡང་ལ་སྟོད་ལྷོ་བྱང་གཉིས་ཀྱི་ཁོངས་སུ་གཏོགས་པའི་ལྷ་རྩེ་དང་དིང་རི་སོ་སོར་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྟོད་གཞས་ཀྱི་འཁྲབ་སྲོལ་རེ་ཆགས་པས། དིང་རི་ཁུལ་གྱི་སྟོད་གཞས་ལ་ལྷོ་གཞས་ཞེས་འབོད་ཀྱི་ཡོད། འོན་ཀྱང་ལྷོ་གཞས་ཀྱི་འབྱུང་ཁུངས་དངོས་ནི་མངའ་རིས་ཀྱི་རྩ་མདའ་དང་སྤུ་ཧྲེང་རྒྱུད་ཀྱི་དམངས་ཁྲོད་སྒོར་གཞས་ཡིན་ཞིང་། དུས་རབས་བཅུ་པ་ཙམ་ལ་མངའ་རིས་གུ་གེ་རྒྱལ་རབས་དར་ཞིང་རྒྱས་པའི་དུས་ཡིན་སྟབས། དམངས་ཁྲོད་ཞབས་བྲོའི་རིགས་ཀྱང་དར་ཁྱབ་ཆེན་པོ་བྱུང་ནས་གར་དང་། ཤོན། སེང་རྩེད། སྒོར་གཞས། འབྲོང་རྩེད་སོགས་གླུ་གར་གྱི་རིགས་ཕུན་སུམ་ཚོགས་པའི་ཁར། རྩ་མདའི་རྒྱུད་ཀྱི་སྒོར་གཞས་ལ་སྒྲ་སྙན་གྱིས་རམ་འདེགས་བྱེད་སྲོལ་དར་བ་ནི་གུ་གེའི་གནའ་ཤུལ་གྱི་ལྷ་ཁང་དམར་པོའི་གཡོན་ངོས་ཀྱི་ལྡེབས་རིས་ཆེ་མོར་ཞིབ་ཅིང་ཕྲ་བ་བཀོད་ཡོད་པ་དང་། ད་ལྟའི་ལྷོ་གཞས་ཀྱི་འགུལ་སྟངས་དང་། ཕྱག་རྒྱ། རྐང་པའི་སྟངས་སྟབས་བཅས་གཅིག་མཚུངས་ཡིན་པ་གསལ་པོར་འཁོད་ཡོད། ད་དུང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་རྡོ་རིང་བསྟན་འཛིན་དཔལ་འབྱོར་གཉིས་ཀས་སྒྲ་སྙན་གྱི་དར་ཡུལ་ཐོག་མར་སྟོད་མངའ་རིས་ནས་ཡིན་པ་གསལ་སྟོན་གནང་ཡོད། དེ་ལྟར་སྟོད་མངའ་རིས་སུ་ལོ་ངོ་དུ་མའི་རིང་གླུ་གར་དར་ཁྱབ་ཆེན་པོ་བྱུང་བ་མངོན་ཞིང་། ལྷག་དོན་གཙང་པ་སྡེ་སྲིད་ཀྱིས་སྲིད་དབང་བཟུང་སྐབས། སྟོད་ཀྱི་གྲགས་ཅན་རོལ་དབྱངས་མཁས་པ་ཁག་གཅིག་དབུས་གཙང་ཁུལ་དུ་འཁྲབ་སྟོན་བྱེད་པར་མངགས་པས། ལྷ་སའི་ཁུལ་དུ་ཡང་སྒྲ་སྙན་གྱིས་རམ་འདེགས་བྱེད་པའི་སྟོད་གཞས་དར་འགོ་ཚུགས། འོན་ཀྱང་ལྷ་སའི་སྒྲ་སྙན་ཞབས་བྲོ་ཞེས་པ་ལས་སྟོད་གཞས་ཟེར་སྲོལ་མེད། 

    ལྷོ་གཞས་ཀྱི་རམ་སྟེགས་རོལ་ཆ་གཙོ་བོ་ནི་སྒྲ་སྙན་དང་པི་ཝང་ཡིན་པ་དང་། གཞས་མདངས་ཅུང་ལྕི་ཞིང་སྐད་གསང་མཐོ་པོས་ཐུན་མོང་ཐོག་གཞས་གཏོང་ཞིང་། དལ་གཞས་དང་མགྱོགས་གཞས་ཟུང་འབྲེལ་བྱེད་ལ། འཁྲབ་ཆས་དེ་ཙམ་མཆོར་པོ་མེད་པས་དམངས་ཁྲོད་ཀྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད། དེ་སྔ། ལྷོ་གཞས་གཏོང་བའི་དུས་ཚོད་གཙོ་བོ་ནི་ལོ་གསར་དང་། བོད་ཟླ་བཞི་པའི་ཚེས་བཅུ་བཞི་བཅོ་ལྔའི་ཆར་འབེབས་དུས་ཆེན། བོད་ཟླ་ལྔ་པའི་ཆོས་སྐོར། དབྱར་སྐྱིད་སོགས་དུས་ཆེན་ཚང་མར་མི་རྣམས་མཉམ་འཛོམས་ཀྱིས་ལྷོ་གཞས་གཏོང་སྲོལ་ཡོད། 

    ལྷོ་གཞས་ཀྱི་སྟངས་སྟབས་གཙོ་བོ་ནི་གོམ་གཉིས་གཉིས་བཅགས་དང་། རྒྱབ་བཤིག་གཡོན་སྐོར། རྐང་པ་ནང་ཕྲ། རྐང་པ་ཕྱི་ཕྲ། རྒོད་པོ་གཤོག་རྐྱང་། དཀོན་མཆོག་ཕྱག་འབུལ། སྐེད་པའི་སྐེད་གཟེར། ཡང་ལ་པད་སྐོར་ཟེར་བ་སོགས་ཕྱག་རྒྱའི་རིམ་པ་ཡོད་པ་དང་། ཕོ་ཕྱེད་མོ་ཕྱེད་ཀྱིས་སྒོར་གཟུགས་དང་ཕྱེད་སྒོར་གཟུགས་སུ་འཁྲབ་པ་དང་གཞས་སྣེ་ཁྲིད་མཁན་རུ་སྟར་གྱི་དང་པོའམ་དབུས་སུ་སྡོད་པ་དང་། དང་ཐོག་གླུ་ལེན་གཙོ་བོར་བྱས་ནས་དལ་གཞས་འཁྲབ་པ་དང་རིམ་བཞིན་འཁྲུག་གཞས་སུ་བསྒྱུར་ནས་གཞས་སྣེ་ཁྲིད་མཁན་གྱིས་ལགས་སོ་ཞེས་པ་དང་སྦྲགས། རུ་སྟར་ལ་འགྱུར་ལྡོག་བཏང་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། ལྷོ་གཞས་འཁྲབ་མཁན་ལ་མང་ཉུང་ཚད་བཟུང་མེད་པས། ཉུང་སྐབས་མི་བཅུ་གྲངས་ཀྱིས་འཁྲབ་ཆོག་པ་དང་མང་སྐབས་མི་གྲངས་བརྒྱ་སྐོར་ཡང་ཞུགས་ཆོག་གི་ཡོད་ལ། རང་མོས་ངང་ཞུགས་པའམ་ཁ་བྲལ་ཆོག་ལ་ཕོ་མོ་རྒན་གཞོན་གྱི་ཚད་བཀག་ཀྱང་གང་ཡང་མེད་པའི་དམངས་ཁྲོད་ཀྱི་གླུ་གར་མིང་དོན་མཚུངས་པ་ཞིག་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།