[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • སྐྱེ་སྟོབས་ཀྱི་དཔལ་འབར་བའི་ནང་མ་སྟོད་གཞས་ཀྱི་དཔལ་ཡོན།

    —— བོད་ཀྱི་ནང་མ་སྟོད་གཞས་སྦྱོང་བརྡར་འཛིན་གྲྭ་སྐབས་གསུམ་པའི་སློབ་མཇུག་འགྲིལ་བའི་མཛད་སྒོའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།      |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2019-04-06

    602283_yis_1552451527784_s.jpg

    ① ཚེ་མཇུག་འཚོ་བ་སྐྱིད་སྐྱིད།

    དཔྱིད་དཔལ་བཞད་པར་ཁ་ཕྱོགས་པའི་ལྗོན་ཤིང་གི་ཡལ་གར་སྔོ་མདངས་རྒྱས། གྲང་ཟུག་རིམ་གྱིས་འཇགས་པའི་ས་གཞི་ཆེ་མོར་ཉི་འོད་ཀྱི་དྲོ་སྐྱིད་ཁྱབ་སྟེ། དགུན་གསུམ་ནོར་འཛིན་སྒེག་མོའི་མལ་དུ་ཞུགས་པའི་རྐང་འཐུང་སྣ་ཚོགས་རྩ་བ་ཚུགས་པའི་སྔ་ལྟས་བཟང་པོ་འཆར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོའི་རྟེན་འབྲེལ་ཞུ་བའི་སྔ་ནུབ་སྟེ། གངས་ལྗོངས་ས་གཞི་ཆེ་མོའི་ཕྱོགས་བཞི་མཚམས་བརྒྱད་དུ། མི་ཚེའི་ཕྲང་ལམ་རིང་པོར་སྐྱིད་གསུམ་སྡུག་གསུམ་མྱོང་མྱོང་བའི་བོད་ཀྱི་ལས་རིགས་ཁག་གི་མང་ཚོགས་ཚོས། སྔར་སོང་འདས་པའི་ལོ་ཟླར་ཕྱིར་མིག་ལྟ་བ་དང་སྤྲོ་བ་རབ་ཏུ་འཕེལ་བའི་ངང་དེང་གི་དགའ་སྐྱིད་ལོངས་སྤྱོད་ཀྱི་འཚོ་བ་གསར་པའི་སྐོར་གླེང་བའི་དུས་ཏེ། སྤྱི་ལོ་2019ལོའི་ཟླ་3པའི་ཚེས་9ཉིན་གྱི་ཕྱི་དྲོར། བོད་ཀྱི་ནང་མ་སྟོད་གཞས་སྦྱོང་བརྡར་འཛིན་གྲྭ་སྐབས་གསུམ་པའི་སློབ་མ་བརྒྱ་ལྷག་ཙམ་གྱིས་ཀྱང་དུས་ཡུན་ལོ་གཅིག་ཙམ་རིང་ནང་མ་སྟོད་གཞས་སྦྱོང་བརྡར་ལ་ཞུགས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོབ་པར་སྤྲོ་བ་རབ་ཏུ་བརྟས་བཞིན་དུ། དགའ་སྤྲོའི་ངང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཛོམས་ནས་སློབ་མཇུག་འགྲིལ་བའི་འཁྲབ་སྟོན་སྙན་འབུལ་མཛད་སྒོར་ཞུགས།

    602290_yis_1552451537004_s.jpg

    ② གཞོན་སྐྱེས་ཉམས་བཟང་དོད་དོད།

    གསར་འགོད་པ་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཞབས་བྲོ་ནང་སྦྱོང་ཚོམས་ཆེན་དུ་སླེབས་སྐབས། ལྷ་སའི་གྲོང་མི་དང་། གཞིས་རྩེ་དང་ལྷོ་ཁ་སོགས་གྲོང་ཁྱེར་དང་ས་ཁུལ་གྱི་ལས་ཁུངས་དང་། སློབ་གྲྭ བྱ་གཞག་ཚན་པ་དང་ཁེ་ལས་སོགས་ནས་རྒན་ཡོལ་ཞུས་ཏེ་ལྷ་སར་གཞིས་ཆགས་པའི་ཕོ་མོ་རྒན་རྒོན་ཧ་ཅང་མང་པོ་ཞིག་སྔ་ས་ནས་དེ་གར་སླེབས་ཟིན་ཏེ། གཟབ་མཆོར་གང་རྒྱས་སྤྲས་པ་དག་སླར་ཡང་སྤམ་པོ་བྱུང་ཡོད་མེད་ཤེལ་སྒོའི་མདུན་དུ་ལྟ་བཞིན་ཕན་ཚུན་ཕྱུ་པའི་རྐུབ་སུལ་བཟོ་རོགས་དང་། གའུ་དང་སྐེ་རྒྱན་སོགས་སྒྲོན་རེས་བྱས་ཏེ་འཁྲུག་ཆ་ཧ་ཅང་དོད་པོ་འདུག བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ལས་དོན་པ་སྐལ་དབང་ལགས་ཀྱིས། དེ་ཉིན་སློབ་མཇུག་འགྲིལ་བའི་མཛད་སྒོར་རྒན་དར་གཞོན་གསུམ་གྱིས་ཞབས་གཞས་དང་རོལ་དབྱངས་སོགས་གཟིགས་མོ་བར་སྙན་འབུལ་ཞུ་བའི་གོ་རིམ་བཀོད་སྒྲིག་གནང་གིན་ཐུགས་བྲེལ་ཤིན་ཏུ་ཆེ།

    602289_yis_1552451535397_s.jpg

    ③ ཕོ་གཞོན་སྟངས་སྟབས་འཁྲུག་འཁྲུག

    ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོད་དོ་ཅོག་རྒྱུན་འཛིན་བྱེད་པའི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་ལྟར། ལོ་རྒྱུས་ཡུན་རིང་ལྡན་པ་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཞིང་། དམིགས་བསལ་གྱི་ཁྱད་ཆོས་དུ་མ་ལྡན་པའི་བོད་ཀྱི་ནང་མ་སྟོད་གཞས་རྒྱུན་འཛིན་འཕེལ་རྒྱས་གཏོང་བར་ཡང་མཐོང་ཧ་ཅང་ཆེན་པོ་བྱས་པ་བརྒྱུད། ད་ལམ་སློབ་ཡོན་གཏན་ནས་མི་དགོས་པའི་ནང་མ་སྟོད་གཞས་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་ནས། དུས་ཡུན་ལོ་གསུམ་ལྷག་ཙམ་སོང་རིང་། ཞབས་གཞས་ལ་དགའ་བའི་ལས་རིགས་ཁག་གི་མི་སྣ་མི་གྲངས་1500ལྷག་ཙམ་ལ་ནང་མ་སྟོད་གཞས་བསླབས་ཏེ། འཁྲབ་འཁྱེར་དང་གཞས་གདངས་མི་གཅིག་པའི་ནང་མ་སྟོད་གཞས་བཞི་བཅུ་སྐོར་རྒྱག་ཤེས་ཡོད་ལ། སྦྱོར་བརྡར་ལ་ཞུགས་མཁན་མི་གྲངས་སྤྱི་འབོར་གྱི་ཆ་སྙོམས་ལོ་ཚད་ལྔ་བཅུ་ཙམ་ཟིན་གྱི་ཡོད་པ་དེ། རིག་པ་སྐྱེན་དུས་ཀྱི་ན་སོ་ལས་ཡོལ་ཟིན་ཡང་། གཅིག་ནས་སྦྱོང་བརྡར་ལ་ཞུགས་མཁན་ཚང་མར་ཞབས་གཞས་ཤེས་ན་ཅི་མ་རུང་སྙམ་པའི་དགའ་མོས་ཀྱི་སེམས་ཤུགས་ཆེན་པོ་ཡོད་པ་དང་། གཉིས་ནས་སྐུ་ན་དྲུག་ཅུར་ཉེ་བའི་ཞབས་བྲོའི་དགེ་རྒན་ཉི་མ་མཚམས་ལགས་དང་། སྐུ་ན་བདུན་ཅུར་ཉེ་བའི་ཞབས་བྲོའི་དགེ་རྒན་དབང་ཆེན་ལགས་ཀྱིས། རང་ཉིད་ལ་མངའ་བའི་ཞབས་གཞས་མཁས་པའི་ཁྱད་ཡོན་དེ་དག་གང་མགྱོགས་ཅི་མགྱོགས་ཀྱིས་མི་རབས་རིམ་པ་བཞིན་དུ་འཇོག་ཆེད་ཐུགས་ནུས་ཇི་ཡོད་བཏོན་གནང་བར་བརྟེན། སྦྱོང་བརྡར་ལ་ཞུགས་མཁན་ཚང་མས་ནང་མ་སྟོད་གཞས་ཤེས་ཏེ་རང་རང་གིས་ཚེ་མཇུག་ཏུ་བཅངས་པའི་བསམ་འདུན་མངོན་འགྱུར་བྱུང་ཡོད་པ་རེད།

    602280_yis_1552451523604_s.jpg

    ④ གཟི་བརྗིད་མེ་ལྕེ་འབར་འབར།

    འཁྲབ་རའི་ཟུར་ཞིག་ཏུ་གསར་འགོད་པས། ལྷ་སའི་གྲོང་མི་ངག་དབང་རྒྱལ་མཚན་ལ། ད་ཆ་ནང་མ་སྟོད་གཞས་དར་རྒྱས་ཆེན་པོ་བྱུང་བའི་སྐོར་ལ་མྱོང་ཚོར་གསུང་རོགས་ཞུ་སྐབས། ཁོང་གིས་དགྱེས་ཚོར་ཤིན་ཏུ་ཆེན་པོའི་ངང་། ནང་མ་སྟོད་གཞས་བོད་དུ་མི་རབས་རྒྱུད་ནས་འཁྲབ་ཀྱི་ཡོད་ཀྱང་། བར་སྐབས་ཤིག་རིང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས། འཁྲབ་རྒྱུན་ཆད་པ་ལྟ་བུར་གྱུར་སྟབས། དུད་ཚང་སུམ་ཅུ་བཞི་བཅུ་ལྷག་ཙམ་ཡོད་པའི་ལྷ་སའི་གྲོང་མིའི་སྡོད་གནས་སྒོ་ར་རེར་སྤྱིར་ན་ནང་མ་སྟོད་གཞས་ཤེས་མཁན་རེ་ཟུང་ལས་མེད་ལ། ཐ་ན་སྒོ་ར་མང་པོ་ཞིག་ཏུ་དུད་ཚང་དང་མི་འབོར་མང་ཙམ་ཡོད་ཀྱང་། ནང་མ་སྟོད་གཞས་ཁུངས་འཕེར་བ་ཤེས་མཁན་གཅིག་ཀྱང་མེད། ཡིན་ནའང་ཉེ་བའི་ལོ་ཤས་ནང་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་ཚན་པས། འཁྲབ་ར་མཁོ་འདོན་དང་། དགེ་རྒན་ཚད་ལྡན་གདན་དྲངས་ཏེ། སློབ་ཡོན་མི་དགོས་པའི་ཞབས་གཞས་སློབ་ཁྲིད་བྱས་པར་བརྟེན། མིག་སྔར་ནང་མ་སྟོད་གཞས་ཀྱི་འཁྲབ་རྒྱུན་འཛིན་མཁན་ཧ་ཅང་མང་པོ་བྱུང་ཡོད། ནང་མ་སྟོད་གཞས་འཛིན་གྲྭ་སྐབས་དང་པོ་དང་གཉིས་པའི་སློབ་མཇུག་འགྲིལ་རྗེས། ད་ཆ་སློབ་མ་དེ་དག་གི་ཁོངས་ནས་ཕུལ་དུ་བྱུང་བ་ཁག་གཅིག་གིས་སླར་ཡང་ནང་མ་སྟོད་གཞས་ཚོགས་པ་ཁ་ཤས་བཙུགས་པས། ནང་མ་སྟོད་གཞས་སྔར་བ་ཁྱབ་རྒྱ་ཆེ་རུ་སོང་ཡོད། འདི་ལྟ་བུའི་ནང་མ་སྟོད་གཞས་ལ་མཁས་པའི་མི་འབོར་མང་པོ་འདི་འདྲ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཅེས་གསུངས་བྱུང་བས། སྐབས་དེར་ཁོ་བོའི་སེམས་ལའང་ལོ་ངོ་བཅུ་ཕྲག་རིང་བོད་ཀྱི་བྱ་གཞག་སྤྱིར་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་ལྟར་ནང་མ་སྟོད་གཞས་ཀྱང་མཆོང་སྐྱོད་ཆེན་པོ་ཞིག་བྱུང་བ་དོན་ལ་གནས་སྙམ་བྱུང་།

    དེ་ཉིན་ནང་མ་སྟོད་གཞས་སློབ་མཇུག་འགྲིལ་བའི་སྙན་འབུལ་ཞབས་བྲོ་སྐྱོན་མཁན་ཕལ་ཆེ་བ་བགྲེས་སོང་ཡིན་པས། ཁོ་བོས་ངག་དབང་རྒྱལ་མཚན་ལ། ནང་མ་སྟོད་གཞས་སྦྱོང་བརྡར་ལ་ཞུགས་མཁན་བགྲེས་སོང་ཚོས་རང་ཉིད་ཀྱི་འཁྲབ་སྟོན་ལ་འཛིན་པའི་ལྟ་སྟངས་ག་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས། ཁོང་གིས། བགྲེས་སོང་ཕལ་ཆེ་བའི་འཁྲབ་སྟོན་གྱི་དགེ་མཚན་ལ་འཛིན་པའི་གཟིགས་སྟངས་གུས་རང་ཉིད་དང་འདྲ་པོ་རེད། ནང་མ་སྟོད་གཞས་ཀྱི་སྦྱོང་བརྡར་ལ་ཞུགས་རྗེས། ནམ་རྒྱུན་ནད་ཙག་ཙིག་གིས་ལུས་ཁམས་མི་བདེ་བ་དེ་དག་ཀྱང་སྨན་བཅོས་བྱས་པ་ལྟར་སྣང་མེད་དུ་དྲག་སྐྱེད་ཡོང་གི་ཡོད་པས། ནང་མ་སྟོད་གཞས་ཀྱི་འཁྲབ་སྟོན་ལ་ཞུགས་པ་ནི་སེམས་ཁམས་བག་ཡངས་སུ་གཏོང་བའི་བདུད་རྩི་མྱོང་རོལ་བྱེད་པ་ལྟ་བུ་རེད་ཅེས་གསུངས། ད་ཆ་ངག་དབང་རྒྱལ་མཚན་གྱིས་ཀྱང་ནང་མ་སྟོད་གཞས་རྣམ་གྲངས་བརྒྱ་ལ་ཉེ་བ་ཞིག་ཡོད་པ་ལས། ཆེས་འཁྲུག་ཆ་དོད་ཅིང་སྙན་འཇེབས་ལྡན་པའི་ཞབས་གཞས་ཕལ་ཆེ་བ་བྱང་ཆུབ་པ་མཁྱེན་གྱི་ཡོད་པས། ཁོང་གིས་སྤྲོ་སེམས་ཆེན་པོའི་ངང་གསར་འགོད་པར། ངས་ཚེ་མཇུག་འདིར། ནང་མ་སྟོད་གཞས་ཀྱི་དགེ་རྒན་ཚད་ལྡན་ཞིག་བསྟེན་ནས། སྐད་གྲགས་ཆེ་བའི་བོད་ཀྱི་ནང་མ་སྟོད་གཞས་ཁག་གཅིག་འཁྲབ་ཐུབ་པ་འདི་ནི་དངོས་འབྲེལ་དགའ་ཚོར་བྱེད་འོས་པ་ཞིག་རེད་ལ། དེ་བས་ཀྱང་མི་ཧ་ཅང་མང་པོ་ཞིག་གིས་ནང་མ་སྟོད་གཞས་ཀྱི་འཁྲབ་སྟོན་ལ་བྱང་བ་འདི་ནི། སྲོལ་རྒྱུན་སྒྱུ་རྩལ་མི་ཉམས་གོང་འཕེལ་བྱུང་བའི་རྟགས་མཚན་བཟང་པོ་ཞིག་རེད་ཅེས་གསུངས་བྱུང་།

    602287_yis_1552451533385_s.jpg

    ⑤ མོ་གཞོན་སྐད་གསངས་མཐོ་མཐོ།

    རྒན་ཡོལ་ཞུས་པའི་སྒྱུ་རྩལ་མཁས་ཅན་འཆི་མེད་རྡོ་རྗེས། ཚེ་མཇུག་ཏུ་ལོ་ན་རྒས་པའི་ལེ་ལོ་སྒྱིད་ལུག་ཡོངས་སུ་དོར་ཅིང་། མ་བསྐུལ་རང་མོས་ངང་སྒྱུ་རྩལ་པ་གསོ་སྐྱོང་གནང་བའི་མཛད་རྗེས་ནི་དེ་བས་རླབས་ཆེ། ལོ་ཤས་གོང་ཁོང་གིས་སློབ་ཁྲིད་གནང་བའི་སློབ་ཕྲུག་མི་ཉུང་བ་ཞིག་ད་ཆ་བོད་ཀྱི་སྒྱུ་རྩལ་འཐབ་ཕྱོགས་སུ་རོལ་མོ་དཀྲོལ་གཏོང་གི་རྐང་འཛིན་ནུས་པ་འདོན་མཁན་དུ་གྱུར་ཡོད་ལ། དེ་ཉིན་ཡང་ཆིན་བསླབས་པའི་སློབ་མ་ཆུང་ཆུང་དང་། དར་མ་བསྡོམས་མི་གྲངས་སུམ་ཅུ་ལྷག་ཙམ་གྱིས་ཀྱང་སྙན་འཇེབས་ལྡན་པའི་ཡང་ཆིན་དཀྲོལ་ནས་གཟིགས་མོ་བ་ཚོར་རང་ཉིད་ཀྱི་སྦྱངས་འབྲས་སྙན་འབུལ་ཞུས་པས་ཚོགས་ར་ཡོངས་ནས་དགའ་བསུ་ཡང་ཡང་ཞུས། སྙན་འབུལ་འཁྲབ་སྟོན་མཇུག་འགྲིལ་ནས་ཚོམས་ཆེན་དུ་དགའ་སྤྲོའི་ངང་དྲན་རྟེན་པར་བསྐྱོན་བཞིན་པའི་རྒན་མོ་རྣམ་ལགས་སོགས་ལ་འཁྲབ་སྟོན་གྱི་མྱོང་ཚོར་ཇི་བྱུང་བཀའ་འདྲི་ཞུ་སྐབས། ཁོང་གིས་ང་ཚོས་དེ་རིང་འཁྲབ་སྟོན་བྱས་པ་ནི། དུས་ཡུན་ལོ་གཅིག་ཙམ་རིང་རྒན་ལགས་ཀྱིས་སྐུ་ངལ་ཆེན་པོ་བསྐྱོན་པའི་གྲུབ་འབྲས་མི་དམན་པ་འདི། ནང་མི་སྤུན་མཆེད་དང་རྒྱ་ཆེའི་གཟིགས་མོ་བར་སྙན་འབུལ་ཞུས་ཏེ་ཆུ་ལེན་བུམ་སྟོང་དུ་སོང་མེད་པ་ར་སྤྲོད་ཞུ་བ་ཞིག་ཡིན་ཞེས་གསུངས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།