[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ༄༅། །ང་ནར་སོན་མི་འདོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཨ་ཁུ།    |    སྤེལ་དུས།   2019-04-02

    དེ་དུས་ང་རང་ཡོད་ཚད་ལ་མཚར་སྣང་གིས་ཁེངས་ཤིང་། སྣ་ལུད་ལྕེ་ཡིས་འཇིབས་ནས་ཚྭ་མཐོ་བའི་བྲོ་བ་ཁྱད་པར་ཅན་དེ་ལ་ཡང་ཞེན་ཆགས་པའི་བྱིས་པ་ཞིག་ཡིན། ཉིན་ལྟར་བློ་ངོར་ནར་སོན་པའི་མི་རྒན་ཞིག་ཆགས་ན་ཅི་མ་རུང་སྙམ་གྱིན་ཡོད། ལར་རྩེད་མཚར་གྱི་ཁྲོད་དུ་ངས་མི་རྒན་དག་གི་སྤྱོད་ཚུལ་འཁྲབ་བཞིན། སྣང་ངོར་མི་རྒན་དག་ནི་ཇི་འདྲའི་སྐྱིད་སྣང་གིས་ཕྱུག་པ་ཞིག་ཏུ་མཐོང་། 

    ད་ནི་ང་རང་ཡང་མི་ལོ་ཉེར་བཞིར་སོན་པའི་མི་རྒན་ཞིག་ཆགས་སོང་། ངའི་བྱིས་དུས་ཀྱི་སྣང་བ་དང་བསྟུན་ན་ད་ཆ་སྐྱིད་དགོས་པ་ཞིག་ལོས་ཡིན། འོན་ཀྱང་ངས་འཚོ་བའི་ཁུག་ཟུར་གང་སར་བྱིས་དུས་རང་གི་བློ་ཡུལ་དུ་འཆར་བའི་མི་རྒན་གྱི་སྐྱིད་སྣང་དེ་དག་བཙལ་ཡང་མ་རྙེད་ཅིང་། དེ་ལས་ལྡོག་སྟེ་འཚོ་བའི་ཁྲོད་ཁོང་ཚོའི་སྐབས་སྐབས་ཀྱི་དགོད་སྒྲ་ནི་ངལ་དུབ་ཀྱི་ཚ་ཟུག་ལས་སྐད་ཅིག་ཐར་བའི་སྦྲང་ཆར་ལྟ་བུའི་དགའ་སྣང་ཙམ་མམ། འདུ་བྲལ་གྱི་སྐྱོ་གདུང་མེ་རུ་བསྲེག་བྱེད་ཀྱི་ལྕུག་ཕྲན་སྐམ་པོ་རེ་རེ་དང་མཚུངས་ལ། སྐབས་སྐབས་ཀྱི་འཛུམ་མདངས་ནི་སྐྱི་ལྤགས་ཀྱི་འཐེན་ཕྱོགས་ཙམ་དུ་ཟད་པར་ཤེས།

    ཁ་སྔོན་གྱི་ཁོ་ཚོ་རྒས་འགྲོ་བ་དང་། ང་ཡང་འགྱུར་བཞིན་ཡོད་མོད། ད་ནི་ང་རང་ནར་སོན་རྒྱུ་མེད་པའི་བྱིས་པ་ཞིག་བྱེད་འདོད། ཨ་ཅང་ཅང་། བྱིས་པ་ཞིག་བྱེད་འདོད་པ་དེ། ང་རང་ལས་མ་ལྕོགས་པ་དང་ཁ་གསོ་མ་ཐུབ་པ་ནི་མིན་ལ། འཚོ་བར་དགོས་པའི་འབད་པ་དང་བཟོད་བསྲན། སྙིང་སྟོབས། བློ་གྲོས་གང་ཞིག་ཀྱང་མེད་པ་མིན། དེ་ནི་ང་རང་གི་བསམ་བློར་འཇིགས་ཡེར་བའི་ཚོར་འདུ་ཞིག་བསྐྱེད་པས་ཡིན། དེ་ཡང་བར་སྐབས་ཤིག་ང་རང་གཞིས་ཁྱིམ་དུ་ལོག་རིམ་བཞིན་མཐོང་ཡུལ་དུ་ཤར་ཡོང་བ་ནི་མི་རྟག་པ་དང་འདུ་བྲལ་གྱི་ཆོས་ཉིད་ཅིག་སྟེ། ལོ་འགའི་སྔོན་རང་ཉིད་དང་རྩེད་དགར་རོལ་མྱོང་བའི་བེའུ་དཀར་ཕྲུག ད་ཆ་བཤས་ནས་ཤ་ཁང་དུ་ཤ་བཅུག་རེ་རེར་བྱས་ནས་བཀལ་འདུག་ལ། སྔར་པགས་ཤུན་སྟེང་གང་འདོད་ཀྱི་རི་མོ་བརྐོས་མྱོང་བའི་སྦྱར་ཤིང་དག་ནི་སུ་ཞིག་གི་ཁང་གདུང་དུ་བཅད་ནས་འཚར་ས་ན་མི་འདུག དེ་བས་ཁ་མུར་མུར་གྱིས་སྐོར་བ་བསྐྱོན་མཁན། ངར་བུ་དང་བུ་ཞེས་སྙིང་ཉེ་ཉེས་ཕྱུར་ཏོག་སྤྲད་མྱོང་མཁན་གྱི་རྒན་རྒོན་དག ད་ནི་གཟུགས་ཀྱི་གྲིབ་མ་ཙམ་ཡང་རིག་སར་མི་འདུག་ལ། གྲོང་མི་ཚོའི་ལབ་གླེང་ཁྲོད་དུ་ཡང་མ་ཐོས། ཡིན་ནའང་རྒྱུན་པར་འབྲེལ་འདྲིས་དབང་གིས་ཡོད་དོ་ཅོག་འགྲམ་དུ་བསྡད་ཡོད་བསམ་བཞིན་རིག་པ་དྭངས་པོས་འཚོལ་ཞིབ་རེ་བྱེད་དུས། ངར་ཅི་ཡང་མི་རྙེད་པས་ད་ནི་བརྟན་དུ་བྲལ་སོང་བསམས་ནས་འཇིགས་པ་སྐྱེས། ད་ནི་རང་ཉིད་ལ་དབང་བ་དག་ཀྱང་མ་འོངས་པར་དེ་བཞིན་བྲལ་འགྲོ་བསམ་བཞིན་འཇིགས་པ་སྐྱེས། སྐྲ་དཀར་དང་གཉེར་མ། ལུས་གོག མི་སྡུག་པ། གང་ལྟར་རྒས་འགྲོ་བའི་སྣང་ཚུལ་མཐོང་ཐེངས་རེར་འཇིགས་པ་སྐྱེས་ཡོང་ལ། ང་ནི་ཕ་མ་སྤུན་དང་སྒོ་ཕྱུགས། རྩི་ཤིང་། ཡུལ་ལྗོངས་འདི་དག་དང་བྲལ་དུ་མི་འདོད་པས། ད་ང་ནི་ནར་སོན་མི་འདོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།