[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྙེ་མོའི་བོད་ཤོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-24

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་ཀྱི་ནང་དོན་གཏིང་ཟབ་པོ་ཡོད། དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་སྙེ་མོ་བས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་མང་པོ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་ཡོད། ཁོང་ཚོས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཕྱོགས་བཞི་མཚམས་བརྒྱད་དུ་དར་སྤེལ་བཏང་ཡོད།

    སྲོལ་རྒྱུན་གྱི་སྒྱུ་རྩལ་མང་དག་ཅིག་རྒྱུན་འཛིན་བྱེད་མཁན་མེད་པའི་གནད་དོན་ཐོན་སྐབས་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོའི་ཚེ་རིང་སྟོབས་རྒྱལ་གྱིས་སྔར་བཞིན་སྲོལ་རྒྱུན་གྱི་བོད་ཤོག་བཟོ་རྩལ་རྒྱུན་འཛིན་བྱེད་བཞིན་ཡོད་པ་མ་ཟད། མུ་མཐུད་དར་སྤེལ་ཤུགས་ཆེན་གཏོང་བཞིན་ཡོད།

    1988ལོར་སྙེ་མོའི་བོད་ཤོག་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་པ་དང་། 1989ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་ཡོད།

    569675_yis_1542865585975.jpg

    སྙེ་མོའི་བོད་ཤོག་གི་རྒྱུན་འཛིན་པ་ཚེ་རིང་སྟོབས་རྒྱལ།

    སྙེ་མོའི་བོད་ཤོག་ནི་བོད་ཀྱི་སྲོལ་རྒྱུན་གྱི་བོད་ཤོག་ཆེ་རིགས་གསུམ་གྱི་གྲས་ཤིག་ཡིན་པ་དེར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ད་ཆ་སྔར་བཞིན་སྲོལ་རྒྱུན་གྱི་ལག་ཤེས་སྤྱད་དེ་བཟོ་ཡི་ཡོད། དམིགས་བསལ་གྱི་མ་བཅོས་རྒྱུ་ཆའི་སྦྱོར་རྟ་ལས་དེའི་ཐོན་རྫས་ལ་འབུ་མི་རྒྱག་པ་དང་། ཚོས་མི་ལོག་པ། མི་རལ་བ། མཁྲེགས་པོར་གནས་ཐུབ་པ། ལྟེབས་ཉེས་མི་ཐེབས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་དུ་སྙེ་མོའི་ཤོག་བུ་སྤྱད་པའི་རིག་གནས་ལོ་རྒྱུས་བརྩམས་ཆོས་མང་པོ་ཡོད་པ་དེ་དག་ད་བར་ལོ་ངོ་སྟོང་ཕྲག་ལྷག་ཙམ་ཉར་ཚགས་བྱས་ཀྱང་ཆ་ཚང་པོ་སྐྱོན་མེད་པར་གནས་ཡོད།

    ལོ་ངོ་སྟོང་ཕྲག་ལྷག་རིང་སྙེ་མོའི་བོད་ཤོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ནས་བོད་ཀྱི་ཤེས་དཔལ་འཕེལ་རིམ་གྱི་བདེན་དཔང་བྱས་ཡོད།

    འདི་ལོ་ལོ་68ལ་སླེབས་པའི་ཚེ་རིང་སྟོབས་རྒྱལ་ནི་སྙེ་མོའི་བོད་ཤོག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད། ཁོང་གིས་བཟོས་པའི་བོད་ཤོག་ལ་ཆུའི་ནང་སྦངས་རུང་མི་རལ་བ་དང་། ཡི་གེ་མི་ཟུབ་པ། ཚོས་མི་ལོག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

    སྙེ་མོའི་བོད་ཤོག་བཟོ་བའི་མ་བཅོས་རྒྱུ་ཆ་ནི་ས་གནས་དེ་གར་སྐྱེ་བའི་དུག་ཤེད་ཆེ་བའི་རེ་ལྕག་ཅེས་པའི་རྩྭ་ཞིག་གི་རྩ་བ་རེད། ལོ་རེའི་ཟླ་བདུན་པར་རེ་ལྕག་ལ་མེ་ཏོག་བཞད་ཀྱི་ཡོད། ཕྱི་ནས་མཛེས་པོ་ཡོད་རུང་རྩྭ་དེར་དུག་ཤེད་ཆེ་བས་ནོར་ལུག་གིས་ཀྱང་ཟ་ཡི་མེད། ཡིན་ནའང་རེ་ལྕག་ལ་དུག་ཤེད་ཆེ་བའི་དབང་གིས་འབུ་མི་རྒྱག་པའི་དམིགས་བསལ་ཁྱད་ཆོས་ལྡན་ཡོད།

    རེ་ལྕག་ནི་རྩྭ་ཐང་དང་རི་མཐོའི་སྤང་ལྗོངས་ཀྱི་གསེབ་ཏུ་སྐྱེ་ཡི་ཡོད། མེ་ཏོག་མི་བཞད་པའི་རེ་ལྕག་རྩྭ་གསེབ་ཏུ་མངོན་གསལ་དོད་པོ་མེད། ཡིན་ནའང་མེ་ཏོག་བཞད་ན་བཀྲག་མདངས་ཧ་ཅང་འཚེར་པོ་ཡོད། ཐོག་མར་མི་ཚོས་རེ་ལྕག་ལ་སྣང་བ་དེ་ཙམ་འཇོག་གི་མེད། ཕྱིས་སུ་རེ་ལྕག་བོད་ཤོག་བཟོ་བའི་རྒྱུ་ཆ་གཙོ་བོ་ཡིན་པ་ཤེས་རྗེས་ཀུན་གྱི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད།

    སྙེ་མོ་རྫོང་དབུལ་སྐྱོར་གསར་སྤེལ་མི་རིགས་ལག་ཤེས་སྒྱུ་རྩལ་གླིང་གི་བོད་ཤོག་བཟོ་གྲྭར་ང་ཚོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་སྟོབས་རྒྱལ་འཕྲད་བྱུང་།

    ད་ཆ་ལོ་རྒན་བདུན་ཅུར་སླེབས་གྲབས་ཡོད་པའི་ཚེ་རིང་སྟོབས་རྒྱལ་གྱིས་བོད་ཤོག་བཟོ་གྲྭའི་ཐོན་སྐྱེད་དང་ཚོང་གཉེར་ལ་དོ་དམ་དེ་ཙམ་བྱེད་ཀྱི་མེད། བཟོ་གྲྭའི་ལས་ཀ་མང་ཆེ་བ་ཁོང་གི་བུ་སྐལ་བཟང་བསྟན་འཛིན་དང་བུ་ཆུང་ལ་རྩིས་སྤྲད་ཡོད།

    “རེ་ལྕག་གི་རྩ་བ་འཐུ་བའི་དུས་ཚོད་ཡག་ཤོས་ནི་ཟླ་བདུན་པ་ནས་དགུ་པའི་བར་རེད། ང་ཚོའི་གྲོང་ཚོའི་ཉེ་འགྲམ་དུ་རེ་ལྕག་མང་པོ་ཡོད། ད་ཆ་སྤྱིར་ན་མང་ཚོགས་ཀྱིས་བཏུས་རྗེས་ང་ཚོས་ཉོ་གི་ཡོད། བོད་ཤོག་བྲེ་ག་རེར་རེ་ལྕག་གི་རྩ་བ་སོས་པ་རྒྱ་མ་50དགོས་པ་དང་། མི་གཅིག་གིས་ཉིན་གཅིག་ལ་རེ་ལྕག་གི་རྩ་བ་རྒྱ་མ་100ལས་འཐུ་མི་ཐུབ་སྟབས་བོད་ཤོག་བྲེ་ག་གཉིས་ལས་བཟོ་ཐུབ་ཀྱི་མེད”ཅེས་སྐལ་བཟང་བསྟན་འཛིན་གྱིས་ངོ་སྤྲོད་བྱས།

    བཏུས་ཟིན་པའི་རེ་ལྕག་སྔོན་ལ་གཙང་མ་འཁྲུ་དགོས། བཀྲུས་རྗེས་རེ་ལྕག་གི་རྩ་བ་རྡོ་ལེབ་སྟེང་བཞག་སྟེ་ཐོ་བས་རྫོགས་ནས་ཕྱི་ལྤགས་དང་ནང་སྙིང་དབྱེ་བ་ཕྱེ་དགོས། དེ་ནས་རྫོགས་ཟིན་པའི་ཕྱི་ལྤགས་གྲི་ཆུང་གིས་བཤུས་རྗེས་ཤུན་ལྤགས་མཉེན་པོ་གཅིག་པུ་བསྲེས་དགོས། དེ་ནས་སླར་ཡང་ཤུན་ལྤགས་མཉེན་པོ་དག་སིལ་སིལ་བཟོ་དགོས།

    ཤུན་ལྤགས་སིལ་སིལ་དེ་དག་སྐོལ་སྣོད་ནང་བླུགས་ནས་དུས་ཚོད་གང་ཙམ་ཞིག་བསྐོལ་དགོས། སྐོལ་སྟངས་ནི་ཁྱིམ་རྒྱུད་ཀྱིས་རྒྱུན་འཛིན་བྱེད་ཀྱི་ཡོད་པས་ཚད་འཛིན་ས་ཡང་དེ་ཙམ་གསལ་པོ་མེད་པར་ཉམས་མྱོང་ཁོ་ནར་བརྟེན་ནས་ཁོང་དུ་ཆུད་པ་བྱེད་ཀྱི་ཡོད། རྩ་བ་ཆུ་ཚོད་གསུམ་ཙམ་བསྐོལ་དགོས་པ་དང་། བར་དུ་དཀྲུག་དཀྲུག་མཚམས་མི་ཆད་པར་གཏོང་དགོས་པ་མ་ཟད། རྩ་བ་ལྡུར་ལྡུར་ཆག་ཡོད་མེད་ལྟ་དགོས།

    བསྐོལ་ཟིན་པའི་ཤོག་བུའི་རྒྱུ་ཆ་རྡོ་གཞོང་ནང་བླུགས་རྗེས་རྡོ་རིལ་གྱིས་ཡང་ཡང་རྫོགས་ནས་བག་ལེབ་སྲབ་མོ་ལྟར་ཆགས་པ་བྱེད་དགོས། དེ་ནས་ཤོག་སྐྱོ་དཀྲུག་རྒྱུ་དེ་ཡིན་ཞིང་། རྫོགས་ཟིན་པའི་རྒྱུ་ཆ་རྣམས་དཀྲུག་སྣོད་ནང་བླུགས་ཏེ་དཀྲུག་དཀྲུག་མང་པོ་བཏང་རྗེས་ཤོག་སྐྱོ་ཆགས་ཀྱི་ཡོད།

    ཤོག་བུ་བཟོ་བའི་གོ་རིམ་ངོ་སྤྲོད་བྱས་རྗེས་སྐལ་བཟང་བསྟན་འཛིན་གྱིས་རང་གིས་ཤོག་བུ་བཟོ་གིན་དུ་ཡང་བསྐྱར་འགྲེལ་བཤད་བརྒྱབ།

    ཤོག་ཚགས་ཆུའི་ནང་བཅུག་རྗེས་དཀྲུག་དཀྲུག་ལེགས་པར་བཏང་ཟིན་པའི་ཤོག་སྐྱོ་དག་སྐྱོགས་ཆུང་གིས་ཤོག་ཚགས་ནང་བླུགས་དགོས། ཤོག་སྐྱོ་ཁོད་སྙོམས་པོ་ཆགས་རྗེས་དལ་བུར་ཤོག་ཚགས་བཏེགས་ནས་ཆུ་རྣམས་སིམ་པར་བྱ་དགོས། གོང་གི་ཤོག་བུ་བཟོ་བའི་བརྒྱུད་རིམ་དག་ལྟ་དུས་ལས་སླ་རུང་བུ་ཆུང་གིས་དོ་དོ་ནན་ནན་ངང་ལས་ཀྱི་འདུག བརྒྱུད་རིམ་དེ་དག་རིང་ཡིན་ཅིག་གཟབ་ཅིང་ནན་ལ་ཞིབ་ཚགས་པོ་དགོས། གལ་ཏེ་ཞིབ་ཚགས་པོ་མ་བྱུང་ཚེ་ཤོག་བུ་བཟོ་རྒྱུ་ལྟ་ཅི་རྒྱུ་ཆ་འཕྲོ་བརླག་འགྲོ་ངེས་རེད།

    གོང་དུ་བཟོས་མ་ཐག་པའི་ཤོག་བུ་དང་ཤོག་ཚགས་ཅིག་ཅར་དུ་གྲིབ་སྐམ་གཏོང་དགོས། གྲིབ་སྐམ་གཏོང་སྐབས་ཤོག་བུའི་སྐྱོ་མ་མི་བཞུར་བའི་ཆེད་དུ་ཨ་སློག་རྒྱག་དགོས་ཞེས་སྐལ་བཟང་བསྟན་འཛིན་གྱིས་བཤད། ཤོག་ཚགས་གྲིབ་སྐམ་བཏང་ནས་སྐམ་གྲབས་ཡོད་དུས་སྣེ་གང་རུང་ཞིག་ནས་སྐམ་ཡོད་མེད་ལྟ་དགོས། མཐར་ཤོག་བུའི་དགོས་མཁོ་གཞིར་བཟུང་ལས་སྣོན་བྱེད་དགོས།

    སྐལ་བཟང་བསྟན་འཛིན་གྱིས། “ང་ནི་1996ལོ་ནས་བཟུང་ཕ་དང་མཉམ་དུ་ལག་རྩལ་འདི་སྦྱངས་པ་ཡིན། ཐོག་མར་ལག་རྩལ་འདི་སྦྱོང་སྐབས་བློས་གཏོང་བྱེད་དགོས་སྙམ་བྱུང་། དེ་དུས་རེ་ལྕག་ལ་ལག་པ་འཆང་ན་ངོ་གདོང་དང་ལག་པར་ཐོར་པ་ཐོན་གྱི་ཡོད་པས་རེད། བོད་ཤོག་ནི་བོད་ཀྱི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པས་ང་ཚོའི་མི་རབས་འདིར་རྒྱུན་ཆད་དུ་འཇུག་གི་་མིན”ཞེས་བཤད།

    2006ལོར་ཚེ་རིང་སྟོབས་རྒྱལ་གྱིས་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་རྒྱན་སྤྲོས་བོད་ཤོག་གསར་གཏོད་བྱས། ཤོག་བུ་དེར་གོམ་སྟབས་གཉིས་བརྒྱུད་དགོས་པ་སྟེ། ཐོག་མར་ཤོག་བུ་ཧ་ཅང་སྲབ་མོ་ཞིག་བཟོ་དགོས་པ་དང་། དེ་རྗེས་རྒྱུན་གཏན་གྱི་ཤོག་བུ་བཟོ་བའི་བརྒྱུད་རིམ་གཞིར་བཟུང་ཤོག་བུ་གཞན་ཞིག་བཟོས་ཏེ། ཤོག་བུ་དེ་མ་སྐམ་གོང་ཤོག་བུར་མཛེས་རྒྱན་སྤྲོས་པའི་ལྕང་ལོ་དང་མེ་ཏོག་གམ་ཡང་ན་རྩི་སྤུ་སོགས་ཀྱིས་རི་མོ་སྣ་ཚོགས་བཀོད་ཀྱི་ཡོད། མཐར་སྔོན་དུ་བཟོས་ཟིན་པའི་ཤོག་བུ་སྲབ་མོས་རི་མོ་དག་བཀབ་ནས་གྲིབ་སྐམ་བཏང་རྗེས་རྒྱན་སྤྲོས་བོད་ཤོག་ཆགས་ཀྱི་ཡོད། རྒྱན་སྤྲོས་ཤོག་བུའི་སྟེང་དུ་བཀོད་པའི་རི་མོ་སྣ་མང་ཕུན་སུམ་ཚོགས་ལ་རིགས་ཧ་ཅང་མང་པོ་ཡོད།

    ད་ཆ་རྒྱན་སྤྲོས་ཤོག་བུ་དེ་རིགས་འཁྱེར་བདེའི་ཟིན་བྲིས་དེབ་བཟོས་པ་མ་ཟད་གཙང་ལྷོའི་ཡུལ་སྲོལ་གྱི་སྒྲོན་རྒྱན་ཡང་བཟོས་ཡོད། བཟོ་རྩལ“སྟབས་བདེ”རུ་སྣང་ནའང་ཞིབ་ཆ་ཧ་ཅང་ཆེ་ཁར་གོ་རིམ་རེ་རེ་འཕྱུགས་མེད་ཡང་དག་དགོས།

    བོད་ཤོག་ནི་འཕྲུལ་ཆས་ཀྱི་ཤོག་བུས་ཚབ་བྱེད་ཐབས་བྲལ་བའི་རིགས་ཡིན། “ཞོ་ལེགས་བོད་ཤོག”གིས་བོད་ཀྱི་སྲོལ་རྒྱུན་བོད་ཤོག་གི་ཁྱད་ཆོས་སོར་འཇོག་བྱས་ཡོད་ལ། ཐོན་རྫས་གཞན་དང་ཐུམ་སྒྲིལ་སྣ་ཚོགས་གསར་གཏོད་བྱས་པར་བརྟེན་ནས་ང་ཚོས་བོད་ཤོག་གི་རིག་གནས་ཀྱི་རིན་ཐང་དང་བརྒྱུད་སྤེལ་ནུས་པ་སྔོག་འདོན་ཟབ་མོ་བྱེད་ཐུབ།

    ད་ཆ་བོད་ཤོག་ཏུ་འཁོད་པའི་ཡི་གེར་བསྐྱར་དུ་བལྟས་ན། དུས་ཚོད་ཀྱི་ཉམས་འགྱུར་སྔར་བཞིན་ཡིག་ཐོག་ནས་མངོན་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་དག་ཆ་ཚང་ལ་གཟི་བྱིན་འཚེར་བའི་ངང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཀྲམ་ཡོད་པ་རེད།

    569682_yis_1542865597800.jpg

    གོ་རིམ་དང་པོ། རེ་ལྕག་གི་རྩ་བ་རྡུང་བ།

    569681_yis_1542865596443.jpg

    གོ་རིམ་གཉིས་པ། རེ་ལྕག་གི་ཕྱི་ལྤགས་བཤུ་བ།

    569680_yis_1542865594961.jpg

    གོ་རིམ་གསུམ་པ། རྡུང་ཟིན་པའི་རེ་ལྕག་བཙོ་བ།

    569679_yis_1542865593448.jpg

    གོ་རིམ་བཞི་པ། བཙོས་ཟིན་པའི་རེ་ལྕག་ཞིབ་ཞིབ་བཟོ་བ།

    569678_yis_1542865592090.jpg

    གོ་རིམ་ལྔ་པ། རེ་ལྕག་དང་རྫས་སྦྱོར་མཉམ་དུ་བསྲེས་ནས་ཤོག་སྐྱོ་བཟོ་བ།

    569677_yis_1542865590686.jpg

    གོ་རིམ་དྲུག་པ། ཤོག་ཚགས་ཆུའི་ནང་ཤོག་སྐྱོ་བླུགས་པ།

    569676_yis_1542865587566.jpg

    གོ་རིམ་བདུན་པ། ཤོག་ཚགས་སྤྱད་དེ་ཤོག་བུའི་བཟོ་ལྟ་བཟོ་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།