[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།

    —— རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    549507_yis_1536720779936_s.jpg

    འདི་ནི་ཕྲུ་གུ་ཚོས་མང་ཚོགས་སྒྱུ་རྩལ་ཁང་དུ་ཟློས་གར་ནང་སྦྱོང་བྱེད་བཞིན་པ།

    རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དེས་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པ་དང་། སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་ཐུབ་པ། རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཀྱི་ལྗོངས་ཆེ་མོ་ཞིག་ནས་རིག་གནས་འཕེལ་རྒྱས་ཀྱི་ལྗོངས་སྟོབས་ཆེན་ཞིག་ཏུ་བསྒྱུར་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    སྲིད་ཇུས་རབ་དང་རིམ་པ་བཏོན་ནས་སྤྱི་པའི་རིག་གནས་འཛུགས་སྐྱོང་གི་འགན་ལེན་ནུས་པ་མཐོ་རུ་བཏང་བ།

    རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས《རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་ཙུའུ་ཀྲང་དང་དྲིལ་བསྒྲགས་དང་འཕེལ་སྒྱུར་སོགས་འབྲེལ་ཡོད་སྡེ་ཚན་20ཡི་འགན་ཁུར་བས་ཁོངས་མི་བྱས་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་མཐུན་སྦྱོར་ཚོགས་ཆུང་བཙུགས་ཏེ་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པའི་རིགས་གཅིག་མཁས་ཅན་གྱི་མཛོད་བཙུགས་པ་རེད།

    “དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད”རང་ལྗོངས་སུ་ད་ཡོད་ཆེད་ལས་རིག་རྩལ་ཚོགས་པ་3དང་། གྲོང་ཁྱེར་དང་ས་ཁུལ་གྱི་མི་རིགས་སྒྱུ་རྩལ་ཚོགས་པ་7 རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་75 དམངས་ཁྲོད་ལྷ་མོ་ཚོགས་པ་140 གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་རུ་ཁག་2446 ལས་ཞོར་འཁྲབ་སྟོན་མི་སྣ་ཁྲི་4ལྷག་ཙམ་བཅས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་རང་བཞིན་གྱི་རིག་གནས་དཔུང་ཁག་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་པ་བརྒྱུད། གཞི་རིམ་གྱི་རིག་གནས་ལས་བྱེད་པ་རེས་སྐོར་གསོ་སྦྱོང་བྱེད་ཐེངས་གཅིག་གིས་འགྲིག་པའི་དམིགས་ཚད་མངོན་འགྱུར་བྱུང་ནས་གཞི་རིམ་རིག་གནས་དཔུང་ཁག་འཛུགས་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ཅེས་རིག་གནས་ཐིང་གི་འབྲེལ་ཡོད་འགན་ཁུར་བས་གསར་འགོད་པར་བཤད།

    སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་མི་སེར་གྱི་འཚོ་བའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པའི་དྲ་བ་འཐུས་སྒོ་ཚང་དུ་ཤུགས་ཆེན་བཏང་ནས་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྤྱོད་པའི་ལས་དོན་སྤེལ་རྗེས་ལྗོངས་ཡོངས་ཀྱི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྫོང་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་བཅས་ཀྱིས་རྒྱལ་ཁབ་ཀྱི་རིན་མེད་སྒོ་དབྱེའི་མ་དངུལ་དང་གྲོང་ཁྱེར་དང་། ས་ཁུལ། རྫོང་བཅས་ཀྱི་ལྷན་སྦྱར་མ་དངུལ་ཧུར་ཐག་སྤྱད་དེ་རིམ་ཁག་བྱེད་སྒོ་སྤེལ་ཡུལ་དུ་ཚོགས་འདུ་གལ་ཆེན་གྱི་ཐད་གཏོང་དང་སློབ་གསོའི་གློག་བརྙན་བལྟས་པས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    ཞབས་ཞུ་མངོན་གསལ་དོད་དུ་བཏང་སྟེ་སྤྱི་པའི་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་བ།

    རང་ལྗོངས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་ཕྱོགས་ཡོངས་ནས་རིན་མེད་ངང་སྤྱད་ཚུན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་རིན་མེད་སྒོ་དབྱེའི་མ་དངུལ་སྒོར་ཁྲི་5000ལྷག་ཙམ་སྤྲད་ནས་རིམ་པ་ཁག་དང་རིགས་ཁག་གི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་ཞབས་ཞུའི་གྲངས་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་སྤྱི་པའི་རིག་གནས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྤྱོད་པའི་བྱེད་སྒོ་ཐེངས་ཁྲི་2ལྷག་ཙམ་སྤེལ་བར་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་200ལྷག་ཙམ་ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ད་དུང་གྲངས་འཛིན་རིག་གནས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་ལྟེ་གནས་དང་། གྲོང་ཁྱེར་དང་ས་ཁུལ་7གྱི་ཉིང་ལག་ལྟེ་གནས། རྫོང་74ཡི་ཉིང་ལག་ལྟེ་གནས། ཤང་གྲོང་692ཀྱི་གཞི་རིམ་ས་ཚིགས་བཅས་བཙུགས་པ་རེད། “རིག་གནས་པུས་ད་དུང་མ་དངུལ་འབོར་ཆེན་བཏང་སྟེ་རང་ལྗོངས་སུ་སྤྱི་པའི་གྲངས་འཛིན་གྱི་རིག་གནས་སྒྲིག་བཀོད་ཀྱི་སྤུས་ཚད་ལེགས་གཏོང་འདུ་འགོད་ལག་བསྟར་བྱས་པས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པའི་གྲངས་འཛིན་རིག་གནས་ཞབས་ཞུའི་ནུས་པ་མཐོ་རུ་ནུས་ལྡན་ཕྱིན་ཡོད”ཅེས་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འགན་འཁུར་བས་བཤད།

    དཔེ་སྟོན་ལ་སྐུལ་འདེད་བཏང་ནས་སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་ཁག་དང་པོ་དང་གཉིས་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་བདེ་བླག་ངང་བཙུགས་ནས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུར་རྩ་བའི་དཔེ་མཚོན་དང་དཔེ་སྟོན་མཁོ་འདོན་བྱས་ཡོད། དེ་རྗེས་ལྷ་ས་གྲོང་ཁྱེར་ཉིད་ཁག་གསུམ་པའི་དཔེ་སྟོན་ཁུལ་བཏོད་པའི་གྲོང་ཁྱེར་ནང་བཅུག་ཡོད་པ་རེད།

    “དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་སྤྱི་པའི་དཔེ་མཛོད་ཁང་གི་ཞབས་ཞུ་རྒྱ་སྐྱེད་དང་གསར་གཏོད་བྱས་པ། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་མང་ཚོགས་ཀྱིས་གཉེར་བའི་རིག་རྩལ་ཚོགས་པ་འཛུགས་པའི་ལམ་སྲོལ་སོགས་བཙུགས་ཏེ་ཁག་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་རྣམ་གྲངས་འཛུགས་པའི་ནང་བཅུག་ཡོད”ཅེས་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འགན་འཁུར་བས་གསར་འགོད་པར་བཤད་པ་དང་མིག་སྔར་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་རྒྱུ་ད་དུང་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།