[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • འཚོ་བའི་ཉམས་ཀྱིས་ཕྱུག་པའི་གྲོ་མོའི་གར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-02

    514158_yis_1526897636013.jpg

    བོད་ལ་སྔ་མོ་ནས་གླུ་གར་གྱི་རྒྱ་མཚོ་ཞེས་མིང་ཐོགས་ཡོད་ལ། བོད་མི་ཞིག་ཡིན་ཕྱིན་སྐད་ཆ་ཤོད་ཤེས་པ་ཙམ་ནས་གླུ་གཏོང་ཤེས་པ་དང་། གོམ་པ་སྤོ་ཤེས་པ་ཙམ་ནས་གར་འཁྲབ་ཤེས་ཀྱི་ཡོད་ཅེས་ཤོད་སྲོལ་ཡོད། 

    གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་འདི་ཉིད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་སུ་གནས་པ་དང་དེར་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་ཐོན་ཁུངས་ཡོད་པ་མ་ཟད། དམངས་ཁྲོད་སྒྱུ་རྩལ་ཀྱང་ཕུན་སུམ་ཚོགས་པོ་ཡོད། དེ་དག་ལས་ཁྱད་ཆོས་ལྡན་ཤོས་ནི་རྨ་བྱའི་ཞབས་བྲོ་དང་སེང་རྩེད་རེད།

    སྲོལ་རྒྱུན་གྱི་རྨ་བྱའི་ཞབས་བྲོར་རོལ་དབྱངས་དཀྲོལ་མི་དགོས་པར་དེ་ནི་རང་གཏོང་རང་འཁྲབ་དང་ཕན་ཚུན་དྲི་བ་དྲིས་ལན་ཀྱི་རྣམ་པའི་འཁྲབ་སྟོན་ཞིག་ཡིན། གཞས་གདངས་འཁྲུག་ཆ་དོད་ཅིང་། དབྱངས་རྟ་སྙོམས་པ་དང་། གཞས་ཚིག་གོ་བདེ་ལ་ཤེས་སླ་བ་དང་དེ་བས་དགོད་བྲོ་བ་ཞིག་ཡོད། གཞས་ཚིག་ལ་ཁྱོན་དུམ་བུ་བཅོ་ལྔ་ཡོད་ལ། དེ་ནི་རྒྱ་གར་ཤར་རྒྱུད་ཀྱི་རྨ་བྱ་མི་ཡི་གཟུགས་སུ་བཀོད་དེ་ལྷམ་དང་གོས་གྱོན་སྟངས་དང་། ཤེལ་ཀོ་ལྟ་སྟངས། སྐྲ་ཤད་སྟངས་སོགས་མགོ་ནས་མཇུག་བར་མཚོན་པ་ཞིག་ཡིན། ཞབས་བྲོའི་སྟངས་སྟབས་ཀྱང་མགྱོགས་པ་དང་མཛེས་ཉམས་ལྡན་པ་ཞིག་ཡོད། རྨ་བྱ་ནི་མཛེས་སྡུག་ལྡན་པ་དང་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན་ཞིང་། རྨ་བྱའི་ཞབས་བྲོ་ནི་གྲོ་མོ་བས་ཡིད་དུ་འོང་བའི་འཚོ་བར་རེ་སྙེག་བྱེད་པའི་མཚོན་ཚུལ་ཞིག་རེད།

    སེང་རྩེད་འཁྲབ་སྟོན་གྱི་རྣམ་པ་འཁྲུག་ཆ་དོད་ལ་དཔའ་ཉམས་ཆེ་ཞིང་། སྲོལ་རྒྱུན་གྱི་གྲོ་མོའི་སེང་རྩེད་ནི་སེང་གེ་དམར་པོ་དང་དཀར་པོ། དེ་བཞིན་སེང་སྣེ་འཁྲིད་མཁན་གཉིས་བཅས་འཁྲབ་བྱའི་མི་སྣ་བཞི་ལས་གྲུབ་པ་དང་། སེང་གེ་རེ་རེའི་འོག་ཏུ་འཁྲབ་སྟོན་པ་གཉིས་ཡོད་པས་འཁྲབ་མཁན་མི་6ཡོད། ཡིན་ནའང་། དེང་དུས་འཁྲབ་སྟོན་རུ་ཁག་གིས་འཁྲབ་པའི་སེང་རྩེད་ནི་སེང་གེ་དམར་པོ་དང་། གོས་དཀར་དང་འབག་གྱོན་པའི་སེང་སྣེ་འཁྲིད་མཁན། དེ་བཞིན་རལ་གྲི་བཏགས་པའི་སྐྱེས་པ་7དང་བུད་མེད་8བཅས་ཀྱིས་མཉམ་དུ་འཁྲབ་ཀྱི་ཡོད།

    ནང་སའི་སེང་རྩེད་དང་བསྡུར་ན། གྲོ་མོའི་སེང་རྩེད་འཁྲབ་མཁན་དང་འཁྲབ་སྟངས་སོགས་གང་ཅིའི་ཐད་ལ་མི་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད། ལྷག་པར་དུ་ས་གནས་དེ་གའི་རྒྱན་གོས་དང་རོལ་དབྱངས་སོགས་ཟུང་འབྲེལ་བྱས་པའི་སེང་རྩེད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས་ལྟ་རིན་ཤིན་ཏུ་ཆེའོ།

    འདིར་བདམས་པའི་པར་རིས་ནི་འཁྲབ་སྟོན་པས་རྨ་བྱའི་ཞབས་བྲོ་དང་སེང་རྩེད་རྩེ་བའི་རྣམ་པ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།