[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་སྲོལ་རྒྱུན་སྡོད་ཁང་སྐྲུན་སྐབས་འཛེམ་བྱ་དེ་དག་ཨེ་ཤེས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-11

    བོད་ཀྱི་སྡོད་ཁང་འཛུགས་སྐྲུན་ནི་སྤྱིར་ན་དགོན་པ་དང་། ལྷ་ཁང་། སྤྱིར་བཏང་གི་ཁང་པ་བཅས་རིགས་ཆེ་བ་གསུམ་ལ་དབྱེ་ཆོག་ལ་དེ་དག་གི་བཀོད་པ་དང་གཞི་ཁྱོན་ཐད་ཧེ་བག་ཆེན་པོ་ཡོད་པ་རེད། བོད་མི་རིགས་ཀྱི་འཛུགས་སྐྲུན་རིག་གནས་ཀྱང་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡོད་པ་ལྟར་དགོན་པ་དང་བླ་བྲང་བསྐྲུན་རྒྱུ་ཙམ་མ་ཟད། སྤྱིར་བཏང་མང་ཚོགས་ཀྱི་སྡོད་ཁང་སྐྲུན་སྐབས་ཀྱང་དོ་སྣང་བྱེད་དགོས་པའི་གནད་དོན་མང་པོ་ཡོད་པ་དཔེར་ན། དང་ཐོག་ཁང་པ་རྒྱག་ཡུལ་འདེམས་སྐབས་སུ་ས་དང་གནམ་གྱི་དབྱིབས་དང་། རི་དཔྱད། ཆུའི་རྒྱུག་ཕྱོགས། ཤིང་གི་སྐྱེ་སྟངས། ཉི་ཟླ་འཆར་ནུབ་བྱེད་ཚུལ་སོགས་ལ་བརྟག་པ་བྱེད་སྲོལ་ཡོད་པ་མ་ཟད། ད་དུང་ས་ཡི་ཕུང་སྲི་བརྒྱད་དང་། ས་ཡི་ལྟས་ངན་བརྒྱད། ས་ཡི་སྐེག་ཕྲན་བརྒྱད། ཕུང་བའི་རི་བརྒྱད། གཉེན་དུ་མི་རུང་བའི་སོ་བདུན་སོགས་དབྱེ་སྲོལ་ཡོད། དེའི་ནང་གསེས་སུ་ཕྱིའི་ས་དགྲ་སུམ་ཅུ་སོ་བདུན་དང་། ནང་གི་ས་དགྲ་བཅུ་གཅིག  ཕྱི་ནང་འབྲེལ་བའི་ས་དགྲ་བཅུ་བདུན་སོགས་དབྱེ་སྲོལ་དང་དེ་དག་སོ་སོའི་ཟློག་ཐབས་རྒྱས་པར་བསྟན་ཡོད།

    བོད་ཁང་སྐྲུན་པའི་སྤྱིར་བཏང་གི་ཆོས་ཉིད་ནི་ཁང་པ་ཁ་ལྷོ་ལྟ་བྱེད་སྲོལ་ཡོད་པ་ནི་ས་མཐོ་ཞིང་ཉི་མ་དྲོ་བའི་བོད་ས་མཐོའི་གནམ་གཤིས་དང་མཐུན་པ་མ་ཟད། སྡོད་ཁང་ཁ་བྱང་ལྟ་མི་བྱེད་པའི་ལུགས་དང་ཡང་མཐུན་པ་ཞིག་རེད། སྒོ་དང་སྐས་འཇོག་ཐད་དུ་མི་འཁེལ་པ་བྱེད་ལ་གལ་ཏེ་གཡོལ་ཐབས་མེད་ན་རྩིག་པ་བསླངས་ནས་སྒྲིབ་ཐབས་བྱེད་དགོས། དེ་མིན་ཁང་རྒྱབ་ཏུ་ཤིང་སྡོང་རྐང་གཅིག་དང་ཆུ་མིག་འཁེལ་རྒྱུར་འཛེམས་དགོས་པ་དང་ཁང་པའི་མདུན་ངོས་རི་ཟུར་དང་ཐད་ཀར་མི་འཁེལ་བ་བྱེད་ཀྱི་ཡོད། གལ་ཏེ་ཐབས་ཤེས་མེད་ན་གྱང་སློང་བ་དང་ཤིང་འཛུགས་ཐབས་སོགས་ལ་བརྟེན་ནས་སྒྲིབ་ཐབས་བྱེད་ཀྱི་ཡོད། བོད་རིགས་ཀྱི་ཁང་པའི་བཀོད་པ་ནི་ས་དཔྱད་བརྩི་སྟངས་ལྟར་ན་མཛོད་ཁང་ཆོས་ཁང་གཙོ་བོར་འཇོག་དགོས་པ་དང་། བྱང་ངོས་སུ་ཚོམས་ཆེན་དང་། ཤར་ངོས་སུ་ཐབ་ཚང་། ལྷོ་ནུབ་ངོས་སུ་གསང་སྤྱོད་བྱས་ན་དགེ་བར་བརྩི་བ་དང་བོད་ཁང་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་གྲུ་བཞི་ནར་མོའམ་ཡང་ན་ཟུར་མང་བཟོ་བ་མ་གཏོགས“ཁང་པ་གྲུ་བཞིར་འཁྲུག་པ་རྒྱུན་མི་ཆད”ཅེས་གྲུ་བཞི་ཤོ་འདྲ་བ་ཐོན་རྒྱུར་འཛེམ་བྱ་བྱེད་ཀྱི་ཡོད། གཞན་ཡང་ཁང་པ་ཇ་ཁྲ་གཟུགས་ཞེས་ཁང་པའི་མདུན་རྐྱང་ཐོག་རྒྱབ་ངོས་རིམ་པས་རྩིག་རིམ་སྤར་ནས་རྒྱག་པ་དང་རྒྱབ་སུལ་ཞེས་མདུན་ངོས་ཐད་ལ་རྒྱབ་ཏུ་གློ་འབུར་གཅིག་གམ་གཉིས་ཡོད་པར་ཟུར་བརྒྱད་དང་ཟུར་མང་སོགས་འདོན་སྲོལ་ཡོད། བླ་བྲང་དང་དགོན་པ་ལྷ་ཁང་སོགས་ཀྱི་ཚོས་གཞི་དམར་སེར་ཤས་ཆེ་བ་གཏོང་གི་ཡོད་པ་དང་མི་ཁྱིམ་ཕལ་པ་ཡིན་ཕྱིན་ཚོམས་ཆེན་དང་ཆོས་ཁང་ཕུད་ཁང་མིག་གཞན་ལ་སྔོ་ལྗང་ཤས་ཆེ་བ་གཏོང་གི་ཡོད། བོད་ཁང་ཚོས་གཞི་འདྲ་མིན་ལ་ཞི་རྒྱས་དབང་དྲག་དང་འབྲེལ་བའི་འགྲེལ་པ་མང་པོ་རྒྱག་རྒྱུ་ཡོད་རུང་སྤྱིར་ན་ཚོས་གཞི་དཀར་པོ་གཏོང་བ་དང་། ཚོས་གཞི་སེར་པོ་དང་དམར་སྨུག་སོགས་སྤྱིར་ན་ལྷ་ཁང་དང་དགོན་པ་ལ་མ་གཏོགས་གཏོང་སྲོལ་མེད། དེ་མིན་མི་ཁྱིམ་ཕལ་པར་རྒྱལ་སྒོ་གླང་སྣ་དང་། ཀ་བཞི་གདུང་བརྒྱད། པདྨ་ཆོས་བརྩེགས། ཁང་པ་ཟུར་འཕྱོངས་བཅས་རྒྱག་རྒྱུར་འཛེམ་བྱ་བྱེད་ཀྱི་ཡོད། ཐོག་ཕུབ་སྐབས་བུམ་སྟོང་ལ་རྒྱབ་ལྟ་བ་དང་ཕྱོགས་གཙང་ལ་ཁ་ཕྱོགས་དགོས་པ་སོགས་ལས་སྣེ་གཏོད་པའི་སྤྱི་བགྲོས་ཕུད་དམིགས་བསལ་གྱི་འཛེམ་བྱ་ཞིག་ནི་སྐར་མ་ཆུ་ཚགས་ནམ་འཆར་ལ་ཐོག་ཕུབ་རྒྱུར་འཛེམས་དགོས་པ་དེ་ཡིན། དེ་དང་མཚུངས་པར་ཁང་པའི་རྒྱབ་མདུན་གོང་འོག་གང་ཐད་དུ་ཡོད་པའི་ལམ་གྱི་འཁེལ་སྟངས་དང་ཕ་བོང་གི་བཟོ་དབྱིབས། ཐང་གི་ཡངས་ལོས་སོགས་ལའང་བརྟག་པ་བྱེད་ཚུལ་མང་པོ་ཡོད་པ་རེད།

    ད་ལྟའི་ཆར་ས་དཔྱད་ལ་བལྟ་བ་དང་ས་དགྲ་བསྣན་རྒྱུ་སོགས་ལ་དེ་ཙམ་སྣང་ཆེན་མི་བྱེད་ལ་ས་དཔྱད་ལ་བྱང་བའི་མི་སྣའང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད་དེ་སྔ་འཛེམ་བྱ་བྱེད་པའི་སྣང་ཚུལ་མང་པོ་ད་ཆ་མེད་པར་གྱུར་ནས་རྒྱལ་སྒོ་གླང་སྣ་སོགས་གང་སར་མཐོང་རྒྱུ་ཡོད། སྣང་ཚུལ་དེ་དག་ནི་སྤྱི་ཚོགས་གོང་འཕེལ་ཕྱིན་པ་དང་། དཔལ་འབྱོར་ཡར་རྒྱས་ཕྱིན་པ། མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་བཅས་ཀྱི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཡིན། འོན་ཀྱང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཆེན་པོ་ཞིག་དང་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་དམངས་སྲོལ་ཞིག་གི་ངོས་ནས་སྡོད་ཁང་རིག་གནས་ཁྱབ་ཁོངས་ཀྱི་སྲོལ་རྒྱུན་མང་པོ་ཞིག་ད་ལྟའང་རྩ་ཟབ་སྡོང་བརྟན་དུ་གནས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།