[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་ཐུན་མོང་མ་ཡིན་པའི་དཀར་ཐིག་འཐེན་སྲོལ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-08

    QQ截图20170808103526.png

    བོད་རིགས་ལ་རྟེན་འབྲེལ་གྱི་ཆོ་ག་སྣ་ཚོགས་ཡོད་པའི་ཁྲོད་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཞིག་ཡོད་པ་སྟེ། ས་ངོས་སོགས་ལ་ས་དཀར་གྱིས་དཀར་ཐིག་འཐེན་ཏེ་རྟེན་འབྲེལ་མཚོན་པར་བྱེད་པ་དེ་ཡིན། དེ་ཡང་རྟེན་འབྲེལ་གང་རུང་གི་གོང་དུ་རྒྱལ་སྒོའི་ཕྱི་ནང་ངམ་ཡང་ན་རྟེན་འབྲེལ་བྱེད་པའི་ས་གནས་སུ་བཀྲ་ཤིས་རྟགས་བརྒྱད་དང་ནོར་བུ་མེ་འབར། རྟགས་བརྒྱད་བུམ་གཟུགས། པད་མ་འདབ་བརྒྱད། འཁོར་ལོ་རྩིབས་བརྒྱད། བུམ་པ་སོགས་ཀྱི་དཀར་ཐིག་འཐེན་ནས་རྟེན་འབྲེལ་མཚོན་པར་བྱེད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཚགས་ལྟར་ན་བོད་རྒྱལ་གཉའ་ཁྲི་བཙན་པོ་ཁྲི་གསོལ་བྱེད་སྐབས་བོད་མི་ཚོ་དགའ་སྤྲོའི་དཔལ་ལ་རོལ་ཏེ་གཉའ་ཁྲི་བཙན་པོ་ཁྲི་གསོལ་རྟེན་འབྲེལ་མཚོན་ཆེད་ལུང་པའི་ཕུ་ཡི་རི་ལྡེབས་སུ་ཡོད་པའི་ས་དཀར་དང་། ས་དམར། ས་སེར་བཅས་ཀྱིས་ཕོ་བྲང་གི་ཕྱི་ནང་དུ་བཀྲ་ཤིས་མཚོན་ཆེད་ཀྱི་རི་མོ་འཐེན་ཞིང་། གཟབ་མཆོར་ལེགས་པར་སྤྲས་ནས་ཞབས་བྲོ་རྒྱག་པ་དང་། རོལ་མོ་དཀྲོལ་བ། གཞས་ཆེན་རྒྱག་པ་སོགས་བྱས་ཏེ་གཉའ་ཁྲི་བཙན་པོ་གདན་དྲངས་ནས་གསེར་ཁྲིར་མངའ་གསོལ་གཟབ་རྒྱས་ཞུས་ཚུལ་འཁོད་ཡོད། ཡང་བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་རྒྱ་བཟའ་དང་བལ་བཟའ་གདན་དྲངས་པའི་སྐབས་རྟེན་འབྲེལ་མཚོན་ཆེད་དུ་ས་དཀར་ས་དམར་ས་སེར་དང་བཅས་པས་བཀྲ་ཤིས་པའི་རི་མོ་ས་སྟེང་དུ་འཐེན་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པས། དཀར་ཐིག་འཐེན་སྲོལ་དེ་ལོ་ངོ་དུ་མའི་རིང་རང་རེའི་བོད་མི་རིགས་ཀྱི་འཚོ་བའི་ནང་རྟེན་འབྲེལ་མཚོན་ཆེད་དང་། ཡང་ན་སྐྱེ་བོ་འདས་གྲོངས་སོང་བའི་སྐབས་ལམ་གཡས་གཡོན་དུ་ས་དཀར་གྱིས་དཀར་ཐིག་འཐེན་པ་མ་ཟད་སྲང་ལམ་དང་། ཁྲོན་པ། ཆུ་དོང་སོགས་ལ་དཀར་ཐིག་འཐེན་ནས་གཤིན་པོའི་རྣམ་ཤེས་དེ་ཐར་པའི་ལམ་དུ་སྲོང་པོར་བསྐྱོད་ནས་དག་པའི་ཞིང་ཁམས་ལ་སྐྱེ་བ་མགྱོགས་ནས་མྱུར་དུ་ལེན་རྒྱུའི་མཚོན་དོན་ཡིན་པ་དང་། ཡང་སྐུ་ཕུང་འདྲེན་པའི་སྐབས་སྒོ་རའི་དཀྱིལ་དུ་སྒྲོག་ཙེ་གྲུ་བཞི་ཞིག་བརྒྱབ་ནས་སྒྲོག་ཙེའི་ཐོག་ཕྱེ་མར་སྟབས་བདེ་ཞིག་སྒྲིག་དགོས་པ་དང་སྒྲོག་ཙེའི་འོག་ཏུ་གཡུང་དྲུང་གཡས་འཁོར་ཞིག་འཐེན་པ་ནི་ཚེ་དང་ལྡན་པའི་ནང་བཞུགས་རྣམས་ནད་མེད་ཚེ་རིང་ཡོང་ཆེད་ཡིན། ཡང་བླ་སྤྲུལ་སྐུ་གཤེགས་པའི་སྐབས་སུ་སྐུ་གདུང་མ་འདྲེན་གོང་སྒོ་རའི་ཕྱིར་ས་སེར་གྱིས་བཀྲ་ཤིས་རྟགས་བརྒྱད་དམ་ཡང་ན་པད་མ་འདབ་བརྒྱད། བུམ་པ་སོགས་བྲིས་ནས་ཡང་སྲིད་མགྱོགས་ནས་མྱུར་དུ་བྱོན་རྒྱུའི་བཀྲ་ཤིས་མཚོན་པར་བྱེད། དེ་བཞིན་ཆང་སའི་རྟེན་འབྲེལ་གྱི་སྐབས་སུ་རྟེན་འབྲེལ་བྱེད་སའི་རྒྱལ་སྒོའི་འགྲམ་དུ་བཀྲ་ཤིས་རྟགས་བརྒྱད་དང་། རྟགས་བརྒྱད་བུམ་གཟུགས། པད་མ་འཐེན་པ་དང་ཡང་རྒྱལ་སྒོའི་མདུན་ངོས་སུ་སྒྲོག་ཙེའི་སྟེང་དུ་བཀྲ་ཤིས་ཕྱེ་མར་དང་། ཆང་ཕུད། ལྕི་བ། དེ་བཞིན་སྦོའི་ནང་གྲོ་དང་འབྲུ་གང་རུང་བླུགས་པའི་ཐོག་གཡང་འགུག་མདའ་དར་འཛུགས་དགོས་པ་དང་། མདའ་དར་གྱི་མཐའ་འཁོར་དུ་ཤིང་འབྲས་སྐམ་པོས་བཀྲ་ཤིས་མཛེས་རིས་འགོད་དགོས་པ་མ་ཟད། ལྕང་གསར་ཞིག་ལ་སྲིད་པ་ཧོར་སྤང་ལེབ་ལ་སྦྱར་ནས་འཛུགས་དགོས། དེ་དག་བསྒྲིགས་པའི་སྒྲོག་ཙེའི་འོག་ཏུ་ཡང་ས་དཀར་གྱིས་གཡུང་དྲུང་ཞིག་འཐེན་ཏེ་དེའི་མཐའ་སྐོར་དུ་པད་མ་སྒོར་མོ་འཐེན་དགོས། ཡང་མག་པ་དང་མནའ་མའི་ཉལ་གདན་གྱི་འོག་ཏུ་གྲོའི་གཡུང་དྲུང་ཞིག་འཐེན་སྲོལ་ཡོད་པའི་དོན་ནི་བཀྲ་ཤིས་བདེ་ལེགས་མཚོན་ཆེད་དང་བཟའ་ཚང་གཉིས་ཀྱི་སེམས་པ་ནམ་ཡང་མི་འགྱུར་བར་མི་ཚེ་མཐའ་འཁྱོལ་བའི་རྟེན་འབྲེལ་མཚོན་ཆེད་དུ་ཡིན། ཡང་ཆང་སའི་གྲོལ་བསངས་གཏོང་བའི་སྐབས་སུ་བཀྲ་ཤིས་སྒོར་མོའི་དཀྱིལ་དུ་གཡུང་དྲུང་འཐེན་དགོས་པ་དང་། དེའི་མཐའ་སྐོར་དུ་པད་མ་ལོ་འདབ་བཞད་པ་ཞིག་འཐེན་ཏེ་དཀྱིལ་དུ་སྒྲོག་ཙེ་ཞིག་བརྒྱབ་སྟེ་དེའི་ཐོག་བཀྲ་ཤིས་ཕྱེ་མར་དང་། སྲིད་པ་ཧོར། ལྕི་བ། ཆང་ཕུད། ཆུ་ཕུད་སོགས་སྒྲིག་དགོས་པ་དང་སྐུ་མགྲོན་མང་ཉུང་ལ་གཞིགས་ཏེ་དཀར་ཐིག་སྒོར་མོ་རྒྱ་ཆེ་ཙམ་ཞིག་འཐེན་ནས་དེའི་མཐའ་སྐོར་ལ་སྐུ་མགྲོན་བཞུགས་ཏེ་བཀྲ་ཤིས་གྲོལ་བསངས་གཏོང་སྲོལ་ཡོད། དེ་བཞིན་ལོ་གསར་གྱི་སྐབས་སུ་ཐབ་ཚང་གི་གྱང་ལྡེབས་སུ་གྲོ་ཞིབ་ཀྱིས་ནོར་བུ་མེ་འབར་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་བཀྲ་ཤིས་པའི་རི་མོ་འཐེན་སྲོལ་ཡོད་པ་དང་། རྒྱལ་སྒོའི་མདུན་དུ་ས་དཀར་གྱིས་བཀྲ་ཤིས་རྟགས་བརྒྱད་དང་། རྟགས་བརྒྱད་བུམ་གཟུགས། གཡུང་དྲུང་སོགས་འཐེན་སྲོལ་ཡོད་དོ། མདོར་ན་དཀར་ཐིག་འཐེན་སྲོལ་དེ་ནི་བོད་མི་རིགས་ཀྱིས་ལོ་ངོ་དུ་མའི་རིང་རང་ཉིད་ཀྱི་ལུང་པའི་ཐོན་ཁུངས་བེད་སྤྱད་དེ་བཀྲ་ཤིས་པའི་མཚོན་རྟགས་འཐེན་སྲོལ་ཞིག་རེད། དེང་སྐབས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཉིན་བཞིན་ཡར་རྒྱས་འགྲོ་བ་དང་དུས་མཚུངས། རྟེན་འབྲེལ་གྱི་བྱེད་སྒོའང་ཇེ་མང་དུ་འགྲོ་བས་དཀར་ཐིག་འཐེན་པའི་དགོས་མཁོ་དེ་བས་ཆེན་པོ་ཡོད། དཀར་ཐིག་འཐེན་པ་དེས་རང་རེའི་བོད་མིའི་བཀྲ་ཤིས་མཚོན་ཆེད་ཀྱི་བསམ་པའི་དགོས་མཁོ་ཡོངས་སུ་སྐོང་ཐུབ། དེར་བརྟེན་དཀར་ཐིག་འཐེན་ནས་རྟེན་འབྲེལ་མཚོན་ཐབས་བྱེད་པ་ནི་ཚན་རིག་དང་མཐུན་པའི་ཡ་རབས་ཀྱི་དམངས་སྲོལ་བཟང་པོ་ཞིག་ཡིན།

    རྟེན་འབྲེལ་མཚོན་ཆེད་དཀར་ཐིག་འཐེན་སྲོལ་དེ་ནི་བོད་ཁུལ་སྤྱི་ལ་ཁྱབ་པའི་དམངས་སྲོལ་ཞིག་ཡིན་པས། རང་ལྗོངས་དང་། ཀན་ལྷོ། མཚོ་སྔོན། ཡུན་ནན། ཟི་ཁྲོན་བོད་རིགས་བཅས་ཀྱི་ཁྲོད་དུའང་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་དཀར་ཐིག་འཐེན་པའི་དམངས་སྲོལ་དེ་ད་ལྟའང་དར་སྲོལ་ཆེན་པོ་ཡོད། དཀར་ཐིག་རི་མོ་འབྲི་སྲོལ་དེ་ནི་བོད་ཀྱི་མཛེས་རིས་མེ་ཏོག་ལྡུམ་རའི་ནང་གི་རྣམ་པར་བཀྲ་བའི་སྐལ་བཟང་མེ་ཏོག་ཅིག་ཡིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་སྟབས། སྲུང་སྐྱོབ་དར་སྤེལ་དང་མི་ཉམས་གོང་འཕེལ་གཏོང་བའི་དོན་སྙིང་ཆེན་པོ་ལྡན་ཡོད། གཞན་ཡང་ཉེ་བའི་ལོ་ཤས་རིང་རྟེན་འབྲེལ་བྱེད་སྒོ་མང་དུ་ཕྱིན་པ་དང་དུས་མཚུངས། དཀར་ཐིག་འཐེན་སྲོལ་དེར་བོད་རིགས་བློ་མཐུན་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ཡུལ་སྐོར་བ་ཚོས་ཡུལ་གཞན་དུ་མཐོང་མ་མྱོང་བའི་མཛེས་ལྗོངས་ཤིག་གཟིགས་ཏེ་དགའ་ཚོར་ཆེན་པོས་པར་མང་པོ་རྒྱག་པ་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་སོགས་སྐད་ཆ་མང་པོ་འདྲི་གི་འདུག་ལ། བཀྲ་ཤིས་པའི་རི་མོ་དེ་དག་མཐོང་རྗེས་མཐེ་བོང་གྱེན་དུ་བསྒྲེངས་ནས་ཧ་ཅང་མཛེས་པོ་འདུག ཧ་ཅང་མཛེས་པོ་འདུག་ཅེས་བརྗོད་ཀྱི་འདུག མདོར་ན་ད་ཆ་མི་རྣམས་ཀྱི་འཚོ་བ་ཆུ་ཚད་གོང་མཐོར་འགྲོ་བ་དང་ཆབས་ཅིག་དཀར་ཐིག་འཐེན་པའི་དགོས་མཁོ་ཇེ་ཆེར་འགྲོ་གི་ཡོད་སྟབས། ས་གཞིར་པད་མ་འདབ་བརྒྱད་སྔར་ལས་ལྷག་པ་བཞད་དེ་ཡུལ་ལུང་ཀུན་ཏུ་བཀྲ་ཤིས་གོང་འཕེལ་ཡོང་བ་སྨོན་ནོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།