[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་ཡུལ་སྲོལ།
  • ཞེ་ཚིག་སྐོར་གྱི་ལོ་རྒྱུས་དང་འཛེམ་བྱ་འགའ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-15

    ཞེ་ཚིག་ནི་ཇི་ལྟ་བུ་ཞིག་ཡིན།

    ཡ་རབས་ཕྱག་དང་ཞེ་ས་མཁས་ཞེས་ཞེ་ས་ནི་རྒན་བཀུར་གཞོན་གཅེས་དང་། སྐྱེ་བོ་ཕན་ཚུན་ཡ་རབས་གུས་ཞབས་ཀྱི་བསམ་པ་མཚོན་པའི་སྲོལ་བཟང་ཞིག་ཡིན་པས། ཆུང་བྱིས་པའི་དུས་ནས་ཞེ་ས་བསླབ་ཀྱི་ཡོད།

    བོད་ལ་ཞེ་ས་དུས་གང་ཙམ་ལ་དར་བ་ཡིན།

    བཀའ་ཐང་སྡེ་ལྔ་ལས། དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང་།  

    ཞེ་ས་ནི་ཇི་ལྟར་བྱུང་བ་ཡིན།

    མི་རྣམས་ལ་རིགས་མཐོ་དམའ་དང་། གོ་ས་མཐོ་དམན། ཡོན་ཏན་མཆོག་དམན་སོགས་ཀྱི་ཁྱད་པར་ཐོན་སྐབས། སྤྱི་ཚོགས་ཀྱི་འབྲེལ་བ་དང་མི་ཆོས་བཟང་པོའི་འདུ་ཤེས་མཚོན་པར་མིང་དཀྱུས་མས་ནུས་པ་དེ་ཙམ་མི་ཐོན་པའི་དབང་གིས་ཞེ་ས་རང་ཤུགས་སུ་བྱུང་བ་ཡིན།

    བོད་རྒྱལ་སུའི་སྐུ་དུས་ལ་ཞེ་ས་དར་ཞིང་རྒྱས་པར་མཛད་ཡོད།

    རྒྱལ་པོ་སྲོང་བཙན་སྒམ་པོ་མཆོག་གིས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་གཏན་ལ་ཕབ་སྟེ་སྐད་ཆའི་བབ་དང་བསྟུན་ནས་ཞེ་ས་སྦྱོར་བའི་གུས་སྲོལ་བཟང་པོ་ཁྲིམས་ཀྱིས་བསྐྱངས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དུ་གྱུར་བར་མཛད་ཡོད།

    ཞེ་ཚིག་ནི་མིང་གང་དག་ལ་འཇུག་པ་ཡིན།

    ཞེ་ས་ནི་སྤྱིར་བཏང་གི་དངོས་པོ་དང་བྱ་བ་ཅི་རིགས་ལ་འཇུག་པ་མ་ཟད། གཙོ་བོར་ལུས་ངག་ཡིད་གསུམ་དང་། དབང་པོ་ལྔ། བཟའ་བཏུང་གྱོན་གོས་སོགས་དང་། དེ་རྣམས་དང་འབྲེལ་བའི་ལས་དང་བྱ་བ་སོགས་ལ་འཇུག་པ་ཡིན།

    ཞེ་ས་སྤྱོད་སྐབས་འཛེམ་བྱ་གང་ཡིན།

    རང་གིས་རང་ལ་ཞེ་ས་བྱས་པ་སྟེ། ངས་མཆོད་པ་ཡིན་ལྟ་བུ་དང་། ཞེ་ས་རྐང་ཆག་སྟེ།  གསོལ་ཇ་ཐུངས་ལྟ་བུ་ཞེ་ས་ཆ་མི་ཚང་བ་ནི་བཞད་གད་ཀྱི་རྒྱུར་སོང་བ་ཡིན།

    ཞེ་ས་མིང་གང་དག་ལ་གཏན་ནས་མི་འཇུག་པ་ཡིན།

    ཁྱད་ཆོས་དང་གྲངས་ཀའི་རིགས་ལ་ཞེ་ས་ཐད་ཀར་མི་འཇུག་སྟེ། གྲངས་ཀ་དང་ཚོས་གཞི་དཀར་པོ་ལྟ་བུར་ཞེ་སའི་མིང་མེད་ལ། བཅུ་ལགས་དང་དཀར་པོ་ལགས་ཞེས་ཀྱང་གཏན་ནས་མི་འཇུག་པས་སྤང་དགོས་པ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།