[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • རྒྱ་བོད་ཐ་སྙད་ཤན་སྦྱར་གྱི་པར་གཞི《དེང་རབས་རྒྱ་ཡིག་ཚིག་མཛོད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-29

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པ་དང་དུས་ཡུན་ལོ་9ཡིག་སྒྱུར་རྩོམ་སྒྲིག་བྱས་པའི《དེང་རབས་རྒྱ་ཡིག་ཚིག་མཛོད》ཀྱི་རྒྱ་བོད་ཐ་སྙད་ཤན་སྦྱར་གྱི་པར་གཞི་དེ་ཉེ་ཆར་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་དང་ཚོང་དོན་དཔར་འདེབས་ཁང་གིས་མཉམ་དུ་པར་སྐྲུན་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཏེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་བོད་རིགས་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་བེད་སྤྱོད་གཏོང་བ་དང་ཆབས་ཅིག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཁོང་དུ་ཆུད་རྒྱུའི་འདུན་པའང་ཉིན་བཞིན་ཆེ་རུ་ཕྱིན་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་དབང་གྲགས་རང་བཞིན་དང་སྟབས་བདེ་ལ་སྤྱོད་གོ་ཆོད་པའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཚིག་མཛོད་ཅུང་དཀོན་པོ་ཡོད། དེར་བརྟེན་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་2013ལོའི་ཟླ་6པར《དེང་རབས་རྒྱ་ཡིག་ཚིག་མཛོད》ཀྱི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཚིག་མཛོད་ཡིག་སྒྱུར་ལས་དོན་སྤེལ་འགོ་ཚུགས་པ་རེད།

    ཡིག་སྒྱུར་ཚོགས་པ་འཛུགས་སྐབས་མཚོ་སྔོན་ཞིང་ཆེན་གྱིས་མཐོ་སློབ་དང་། སློབ་གཞི་རྩོམ་སྒྱུར་སྒྲིག་གཞི། མི་རིགས་སྐད་ཡིག་ཡིག་སྒྱུར་ཚན་པ་བཅས་ནས་ཁོངས་མི་15གཏན་འཁེལ་བྱས་པ་དང་། ཚོང་དོན་དཔར་འདེབས་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་པར་གཞི་7པའི《དེང་རབས་རྒྱ་ཡིག་ཚིག་མཛོད》དེབ་སྔོན་པོ་གཞི་འཛིན་ནས་སེམས་ནུས་གཅིག་སྒྲིལ་གྱིས་དཀའ་གནད་ཡོད་པའི་ཐ་སྙད་དང་། སྐྱེ་དངོས་ཐ་སྙད། ཚན་རྩལ་ཐ་སྙད། གཏམ་དཔེ། གནའ་དཔེ། གནའ་རྩོམ་དང་ཚད་ལྡན་ཡིག་ཆའི་མིང་སོགས་ཡིག་སྒྱུར་བྱས་ཡོད། དེའི་ནང་དོན་མང་ཚིག་དང་། ཕྲད་ཚིག ཡིག་རྐྱང་སོགས་ཚུད་པའི་རྒྱ་ཡིག་གི་ཐ་སྙད་70132ཚང་མ་བསྡུས་ཡོད་ཅིང་། བོད་ཡིག་གི་ཤན་སྦྱར་པར་གཞི་རང་དགར་ཉུང་དུ་བཏང་མེད་པ་དང་དཀའ་སེལ་སླ་རུ་བཏང་མེད།

    རྩོམ་སྒྱུར་ཚོགས་ཆུང་གི་དབུ་བཞུགས་རིགས་གཅིག་མཁས་ཅན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སངས་རྒྱས་ཀྱིས“ད་ཐེངས་ཡིག་སྒྱུར་བྱེད་པའི་དམིགས་ཡུལ་ནི་རྒྱ་སྐད་དང་བོད་སྐད་དེང་རབས་སྐད་བརྡའི་ཁྲོད་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་དབང་གྲགས་རང་བཞིན་དང་། དུས་རབས་རང་བཞིན། འཐུས་ཚང་རང་བཞིན། གོ་ཆོད་རང་བཞིན་བཅས་ལྡན་པ་བྱ་རྒྱུ་དེ་རེད། 《ཚིག་མཛོད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱ་བོད་སྐད་ཡིག་གཉིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་ཡིག་སྒྱུར་བྱེད་པའི་ཐད་ཚིག་མཛོད་དཀོན་པའི་གནད་དོན་ཞི་ལྷོད་དུ་བཏང་སྟེ་མི་རིགས་དབར་སྤེལ་རེས་དང་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་བ་རེད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།