[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>རིག་དངོས་རྟོག་ཞིབ།
  • བོད་ཀྱིས་གནའ་དཔེ་ཡོངས་བཤེར་ལས་དོན་སྤེལ་ནས་ལོ་10སོང་རིང་གི་གྲུབ་འབྲས་གཡུར་དུ་ཟ་བ།

    གནའ་དཔེ་པོ་ཏི་ཁྲི་1.3ལྷག་ཙམ་ལ་ཡོངས་བཤེར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    ལོ་10ཡི་རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་གནའ་དཔེ་ཡོངས་བཤེར་ལ་འགྲོ་གྲོན་སྒོར་ཁྲི་1031.72བཏང་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་མཇུག་འགྲིལ་དུས་མཚམས་སུ་སླེབས་པ་དང་ཡོངས་བཤེར་ཐོ་འགོད་བྱས་པའི་གནའ་དཔེ་པོ་ཏི་ཁྲི་1.3ལྷག་ཙམ་ཟིན་ཡོད།

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གསུང་རབ་གནའ་དཔེ་དང་ཚད་ལྡན་ཡིག་ཆར་སྲུང་སྐྱོང་ཡག་པོ་བྱེད་པ་དེས་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད། 2009ལོར་རང་ལྗོངས་ཀྱིས་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་ཡོད། ལོ་10ཡི་རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་གནའ་དཔེ་ཡོངས་བཤེར་གྱི་འགྲོ་གྲོན་སྒོར་ཁྲི་1031.72ཐག་གཅོད་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་མཇུག་འགྲིལ་དུས་མཚམས་སུ་སླེབས་པ་དང་ཡོངས་བཤེར་ཐོ་འགོད་བྱས་པའི་གནའ་དཔེ་པོ་ཏི་ཁྲི་1.3ལྷག་ཙམ་ཟིན་ཡོད།

    རྩ་ཆེའི་གནའ་དཔེ་217རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་གི་མིང་གཞུང་ནང་ཚུད་པ།

    ཉེ་ཆར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གནའ་དཔེ་པུའི་ཀྲུའུ་རེན་གཞོན་པ་ཚེ་བློས་གསར་འགོད་པར། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་མཇུག་འགྲིལ་དུས་མཚམས་སུ་སླེབས་པ་དང་། གནའ་དཔེ་ཡོད་པའི་ས་ཆ་1600ལྷག་ཙམ་ཤེས་པའི་ཁྲོད་ས་ཆ་1200ལྷག་ཙམ་གྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་བསྒྲུབས་ཟིན་ཞིང་། ཡོངས་བཤེར་ཐོ་འགོད་བྱས་པའི་གནའ་དཔེ་པོ་ཏི་ཁྲི་1.3ལྷག་ཙམ་ཟིན་ཡོད། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན། འབྲས་སྤུངས་དགོན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་གཙོ་གནད་གནའ་དཔེ་སྲུང་སྐྱོང་ཚན་པར་སྔར་བཞིན་གནའ་དཔེ་འབོར་ཆེན་ཡོངས་བཤེར་བྱ་རྒྱུར་ལུས་ཡོད་པ་དང་། མིག་སྔར་ཡོངས་བཤེར་གྱི་འབྲེལ་ཡོད་ལས་དོན་སྤེལ་འགོ་ཚུགས་ཡོད། དེའི་ཁྲོད་ནོར་བུ་གླིང་ཁའི་དུས་མཚམས་གསར་པའི་གནའ་དཔེ་ཡོངས་བཤེར་ཐོ་འགོད་དང་རྒྱལ་ཡོངས་ཀྱི་གནས་སྤོ་རུང་བའི་རིག་དངོས་ཀྱི་ཡོངས་བཤེར་ལས་དོན་སྤེལ་ནས་ཟླ་བ་ཁ་ཤས་སོང་ཟིན་པ་དང་། ལས་དོན་གལ་ཆེན་དེ་གཉིས་ནི་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་དང་ནོར་གླིང་དོ་དམ་ཁྲུའུ་ཡིས་མཉམ་ལས་བྱས་པ་ཞིག་རེད་ཅེས་བརྗོད།

    བོད་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་ཉར་ཚགས་ཚན་པ་ཁ་ཐོར་ཡིན་པས་གནའ་དཔེ་ཡོངས་བཤེར་དང་ཐོ་འགོད་བྱེད་རིང་ལས་དོན་མི་སྣར་ཐག་རིང་ལུང་ཁུག་གྲོང་གསེབ་ནས་གནའ་དཔེ་རྙེད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་དེ་སྔ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་དྭགས་ལྷ་སྒམ་པོ་དགོན་གྱི་ཞིག་རོའི་ཁྲོད་ནས་གནའ་དཔེའི་ཤིང་པར་1500ལྷག་ཙམ་སྔོག་འདོན་ཐུབ་ནས་མྱུར་སྐྱོབ་རང་བཞིན་གྱི་གཙང་བཟོ་དང་ལེགས་སྒྲིག་བྱས་རྗེས་ཤིང་པར་གྱི་སྒྲོམ་བཟོས་ནས་ཆད་ལུས་དང་སྐྱོན་ཆག་ཚབས་ཆེན་བྱུང་བའི་ཤིང་པར་64ལ་གསབ་བརྐོས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་པད་དཀར་དགོན་ནས་དེ་སྔ་རྩ་ཆེའི་གནའ་དཔེ་ཁུག་མ66(པོ་ཏི་237)སྔོག་འདོན་ཐུབ་སྟེ་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་དེར་གཙང་བཟོ་དང་། རིགས་དབྱེ། ལེགས་སྒྲིག་བཅས་བྱས་པ་རེད། 2012ལོ་ནས་བཟུང་། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་སྔ་རྗེས་སུ་དམངས་ཁྲོད་དུ་གྱར་བའི་རྩ་ཆེའི་གནའ་དཔེ་པོ་ཏི་207བསྡུ་ཉོ་བྱས་པ་མ་ཟད། དེའི་ནང་གི་མང་ཆེ་བ་རྩ་ཆེའི་དཔེ་རྒྱུན་དཀོན་རིགས་དང་གནའ་དཔེ་རྩ་ཆེན་གྱི་ཁོངས་སུ་གཏོགས་ཀྱི་ཡོད།

    ཚེ་བློས་ངོ་སྤྲོད་བྱས་པར། མིག་སྔའི་བར་ལྗོངས་ཡོངས་སུ་རྩ་ཆེའི་གནའ་དཔེ་ཁག་217(པོ་ཏི་291)རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང་ནང་ཚུད་པ་དང་། ཕོ་བྲང་པོ་ཏ་ལ་དང་། བོད་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ནོར་བུ་གླིང་ཁ་སོགས་ཚན་པ་4“རྒྱལ་ཡོངས་ཀྱི་གནའ་དཔེའི་གཙོ་གནད་སྲུང་སྐྱོང་ཚན་པའི”གྲས་སུ་བདེ་བླག་ངང་ཚུད་ཡོད་པ་རེད།

    གནའ་དཔེའི་གྲངས་འཛིན་ཅན་གྱི་ལས་དོན་སྤེལ་ནས་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་ལ་སྐུལ་འདེད་བཏང་བ།

    ཚེ་བློས་གནའ་དཔེའི་གྲངས་འཛིན་ཅན་ནི་གནའ་དཔེའི་མ་ཡིག་ལ་སྐྱོན་ཕྲན་བུ་ཙམ་ཡང་མི་ཐོན་པའི་གནས་ཚུལ་འོག་དེ་ཉིད་ཤེས་བྱའི་གཞི་རྟེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཏེ་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མང་རྭ་དགོན་གྱི་ཉམས་ཆག་བྱུང་བའི་གནའ་དཔེའི་ཉམས་གསོའི་ལས་དོན་ལེགས་སྒྲུབ་ཟིན་ནས། གནའ་དཔེ་དང་ཚད་ལྡན་ཡིག་ཆའི་ལོ་མ་248ཉམས་གསོ་བྱས་པ་དང་པར་རིས་496ཡིག་ཚགས་བཟོས་པ་དང་པར་ལེན་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་པད་དཀར་དགོན་གྱི་རྩ་ཆེའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ཁུག་མ་66(པོ་ཏི་237)དང་ལོ་མ་ཁྲི་3ལྷག་ཙམ་ལེགས་སྒྲིག་དང་། ཡིག་ཚགས་བཟོ་བ། པར་ལེན་སོགས་ཀྱི་ལས་དོན་སྤེལ་ཏེ་རྩ་ཆེའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ཡོངས་ལ་གྲངས་འཛིན་ཅན་གྱི་གྲངས་གཞི་བཟོས་པ་རེད།

    གནའ་དཔེ་གྲངས་གཞི་ཅན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། མིག་སྔར། རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་དང་རང་སྐྱོང་ལྗོངས་རིག་གནས་ཐིང་གིས“དུས་ཐེངས་གསུམ་པའི་གནའ་དཔེ་གྲངས་འཛིན་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསོ་སྦྱོང་འཛིན་གྲྭ”གཙོ་གཉེར་བྱས་ནས། བོད་ཀྱི་གནའ་དཔེ་སྲུང་སྐྱོང་ལས་དོན་གྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། རིགས་གཅིག་མཁས་ཅན་གདན་དྲངས་ནས་མིག་སྔའི་གནའ་དཔེ་གྲངས་འཛིན་ཅན་གྱི་འཕེལ་རིམ་འཆར་འགོད་དང་། རྒྱལ་ཁབ་དཔེ་མཛོད་ཁང་གི་གྲངས་ཉུང་མི་རིགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་ལས་དོན་སྒྲུབ་ཚུལ། གྲངས་གཞིའི་ཐོན་ཁུངས་ཉར་ཚགས་དང་ཞབས་ཞུ། བོད་ཡིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དུ་འགྱུར་བའི་ལག་རྩལ་དང་ཉེར་མཁོའི་དཔེ་སྟོན། བོད་ཡིག་གི་གནའ་དཔེའི་དཀར་ཆག་སྒྲིག་པ་སོགས་ཀྱི་སྐོར་འཆད་ཁྲིད་བྱས་པ་རེད། དེ་དང་དུས་མཚུངས། གནའ་དཔེ་གྲངས་གཞི་ཅན་བཀོལ་སྤྱོད་བྱེད་སྟངས་ནང་སློབ་མ་ཞུགས་སུ་བཅུག་སྟེ། གནའ་དཔེ་ཉར་ཚགས་ཚན་པས་གནའ་དཔེ་གྲངས་འཛིན་ཅན་གྱི་ལས་དོན་བསྒྲུབ་རྒྱུར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རྨང་གཞི་བརྟན་པོ་འདིང་རྒྱུ་དང་། བོད་ཡིག་གི་གནའ་དཔེ་གྲངས་གཞི་ཅན་གྱི་ཆེད་ལས་མི་སྣའི་དཔུང་ཁག་གསོ་སྐྱོང་ཆེད་དུ་ལས་སྟེགས་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།