[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • རོལ་དབྱངས་སྙན་མོ་དཀྲོལ། རྣ་བའི་བུ་ག་མྱོས།

    —— རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རོལ་ཆ་གཏོང་དཀྲོལ་མཁས་ཅན་སྒྲོལ་མ་དང་པི་ཝང་རྒྱུད་གཉིས་མའི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-14

    yangnl9a36_s.jpg

    ཉེ་ཆར། གསར་འགོད་པ་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པར་བསྐྱོད་དེ་མི་རིགས་རོལ་ཚོགས་ཀྱི་རུ་དཔོན་གཞོན་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རོལ་ཆ་གཏོང་དཀྲོལ་མཁས་ཅན་སྒྲོལ་མ་དང་ངོ་ཤེས་བྱུང་ཞིང་། ཁོང་གིས་ཁོང་དང་པི་ཝང་རྒྱུད་གཉིས་མའི་གཏམ་རྒྱུད་བཤད་བྱུང་།

    ཐོག་མར་པི་ཝང་རྒྱུད་གཉིས་མ་སློབ་སྦྱོང་བྱེད་པའི་སྐོར་གླེང་སྐབས། སྒྲོལ་མས་དེ་ནི་གཙོ་བོ་ཕ་མ་གཉིས་ཀྱི་ཤུགས་རྐྱེན་དང་བག་ཆགས་བཟང་པོ་ལས་བྱུང་བ་ཞིག་ཡིན། “ང་ནི་རོལ་དབྱངས་ཁྲོད་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་ཡིན། ཕ་ནི་མི་རིགས་ཀྱི་ཞབས་བྲོ་འཁྲབ་མཁན་ཞིག་དང་མ་ནི་རོལ་ཆ་དབྱང་ཆིན་གཏོང་མཁས་པོ་ཞིག་ཡོད། ངས་མི་རིགས་ཀྱི་རོལ་དབྱངས་སློབ་སྦྱོང་བྱས་ནས་ཕ་མ་གཉིས་དང་འདྲ་བར་རོལ་ཆར་བརྟེན་ནས་མཛེས་སྡུག་ལྡན་པའི་སྒྲ་རྟགས་མངོན་པར་བྱེད་འདོད་ཡོད། དེ་ནས་ངས་པི་ཝང་རྒྱུད་གཉིས་མ་སློབ་སྦྱོང་བྱས་པ་ཡིན”ཞེས་བཤད།

    པི་ཝང་རྒྱུད་གཉིས་མ་འཁྱེར་ནས་ཐག་རིང་དུ་འགྲོ་ཐེངས་དང་པོ་ནི་1993ལོར་ཡིན། “ང་དང་རུ་མི་གཅིག་པ་ཚོས་རི་པིན་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པ་ཡིན། སྐབས་དེ་དུས་དེ་ནི་དགོང་ཚོགས་ཆུང་ཆུང་ཞིག་ཡིན་ནའང་ང་ཚོ་མི་ལྔའི་སེམས་ལ་དངངས་སྐྲག་དང་དགའ་ཚོར་ལྷན་དུ་སྐྱེས་བྱུང་། གླུ་གཞས་ཁྲོད་དུ་པི་ཝང་རྒྱུད་གཉིས་མ་རྐྱང་དཀྲོལ་བྱས་པ་ཡིན། འཁྲབ་སྟོན་དེར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བས་མི་རིགས་ཀྱི་སྤོབས་སེམས་ཀྱང་རང་ཤུགས་སུ་སྐྱེས་བྱུང་། དེ་དུས་ང་ཚོ་པི་ཝང་རྒྱུད་གཉིས་མ་གཏོང་དཀྲོལ་མཁས་པོ་ཡོད་པའི་ཚོར་སྣང་བྱུང་”ཞེས་སྒྲོལ་མས་དྲན་གསོ་བྱེད་བཞིན་དུ་བཤད།

    རི་པིན་དུ་འཁྲབ་སྟོན་བྱས་རྗེས། སྒྲོལ་མ་དང་བཅས་པ་ཕ་རན་སེ་དང་འཇར་མན་སོགས་རྒྱལ་ཁབ་ཏུ་བསྐྱོད། ཁོང་གིས་རྒྱལ་ཁབ་དེ་དག་གི་མི་རྣམས་བོད་དུ་ཡོང་འདོད་ཆེན་པོ་བྱེད་པ་མ་ཟད། ད་དུང་བོད་ཀྱི་རིག་གནས་ལ་སྔར་བས་ཤེས་རྟོགས་བྱེད་འདོད་འདུག མི་རིགས་ཀྱི་རོལ་ཆ་གཏོང་དཀྲོལ་མཁས་ཅན་ཞིག་ལ་མཚོན་ན། ཚེ་འདིར་སྦྱངས་པའི་རོལ་ཆ་གཏོང་དཀྲོལ་བྱེད་སྟངས་ལྟད་མོ་བར་ལེགས་པར་དཀྲོལ་གཏོང་བྱས་ཏེ་མི་རིགས་ཀྱི་རིག་གནས་དེ་བས་རྒྱང་རིང་བའི་ས་ཆར་རྒྱུད་སྤེལ་བྱེད་འདོད་ཡོད་ཅེས་བརྗོད།

    འདི་ལོའི་ཟླ་9པར། སྒྲོལ་མ་དང་རུ་མི་གཅིག་པ་སྤེན་པ་བཀྲ་ཤིས་མོང་གོའི་ཨུ་ལན་དཔའ་ཐུལ་དུ“ཀྲུང་གོའི་བོད་ལྗོངས་བཀྲ་ཤིས་བདེ་ལེགས”ཀྱི་རིག་རྩལ་འཁྲབ་སྟོན་ལ་ཞུགས། ཁོང་གིས“ས་ཆ་དེ་རྒྱ་ཆེ་ཞིང་མཐའ་ཡས་པ་དང་། སྲོལ་རྒྱུན་དང་གནའ་སྔ་མོའི་རྩྭ་ཐང་ཡོད་པ་མ་ཟད། ད་དུང་རྒྱུས་མངའ་ཆེ་བའི་ཤ་བག་ལེབ་ཀྱི་དྲི་ཞིམ་འཐུལ་བས་ང་རང་ལ་ཕ་ཡུལ་དུ་སླེབས་པ་ལྟར་གྱི་ཚོར་སྣང་བྱུང་། ཡུལ་ཁམས་འདི་ལྟ་བུར་གཏོང་དཀྲོལ་བྱས་པའི་རོལ་དབྱངས་ཀྱང་དེ་བས་སྙན་པས་ལྟད་མོ་བར་སེམས་འགུལ་ཐེབས་པ་མ་ཟད། རང་ཉིད་ལའང་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད།

    སྒྲོལ་མས་ཨུ་ལན་དཔའ་ཐུལ་ནས་ཕྱིར་ལོག་རྗེས་པི་ཝང་རྒྱུད་གཉིས་མ་ཡག་པོ་གཏོང་དཀྲོལ་བྱེད་དགོས་པའི་དད་སེམས་དེ་བས་བརྟན་དུ་ཕྱིན་སོང་ཞེས་བཤད། ཁོང་ལ་མཚོན་ན། དེ་ནི་ལས་ཀ་ཙམ་མ་ཟད་དེ་བས་འགན་འཁྲིའང་ཡིན་ཞིང་། ཁོང་གིས“སྒྲ་གདངས་སྒྱུར་བཅོས་ལ་ད་དུང་འབད་བརྩོན་བྱེད་དགོས་པ་དང་འབྲེལ། སྲོལ་རྒྱུན་ཀྱི་ལེགས་ཆ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་སྔར་བས་གསར་རྩོམ་བྱས་ནས་གཞོན་ནུ་དེ་བས་མང་བས་རྒྱུན་འཛིན་པའི་རེ་བ་ཡོད་ལ། སྲོལ་རྒྱུན་གྱི་རོལ་ཆ་དར་སྤེལ་དང་རྒྱུན་འཛིན་གྱི་འགན་འཁྲི་ང་ཚོར་ཡོད་པས་སྲོལ་རྒྱུན་གྱི་རོལ་ཆ་གཏོང་དཀྲོལ་བྱེད་སྟངས་རྒྱུན་ཆད་དུ་འཇུག་རྒྱུ་མིན”ཞེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།