[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • གཟུགས་སྟོབས་ཆུང་ཡང་ཕན་བདེའི་བྱ་གཞག་ཆེན་པོ་བསྒྲུབས།

    —— དབང་པོ་སྐྱོན་ཅན་བསྟན་འཛིན་དངོས་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-11

    གླེང་གཞི།

    “མི་གཅིག་ཕྱུག་པོ་ཆགས་པ་ཕྱུག་པོ་མིན། ངའི་ཕུགས་འདུན་ནི་ང་དང་ང་འདྲ་བའི་དབང་པོ་སྐྱོན་ཅན་དང་དུད་ཚང་དབུལ་པོ་རྣམས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན”

    འདི་ལོ་ལོ་37ལ་སླེབས་པའི་བསྟན་འཛིན་དངོས་གྲུབ་གཟུགས་སྟོབས་ཅུང་ཆུང་རུང་སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གངས་དཀར་གྲོང་རྡལ་དུ་བསྟན་འཛིན་དངོས་གྲུབ་ཀྱིས་ལས་འཛིན་འགོ་གཙོ་བྱས་པའི་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་ནི་ས་གནས་དེ་གའི་མང་ཚོགས་དབུལ་པོ་རྣམས་དབུལ་སྒྲོལ་ཕྱུག་འགྱུར་གྱི“མཆོག་ནོར”ལྟ་བུར་གྱུར་ཡོད།

    ཕན་བདེ་སྐྲུན་མཁན་གྱི་སྐར་འོད།

    བསྟན་འཛིན་དངོས་གྲུབ་དིང་རི་རྫོང་མཚོ་སྒོ་ཤང་གི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། ཆུང་དུས་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་བ་དང་གཟུཌ་སྟོབས་ཆེན་པོ་མེད།

    ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཆེད། བསྟན་འཛིན་དངོས་གྲུབ་ཀྱིས་དེ་སྔ་ཕ་ཡུལ་གཅིག་པ་ཚོ་དང་མཉམ་དུ་ལྷ་སར་གླ་པར་སྐྱོད། བསྟན་འཛིན་དངོས་གྲུབ་ཀྱིས“སྐབས་དེ་དུས་ལོ་ན་ཆུང་བའི་ཁར་དབང་པོ་སྐྱོན་ཅན་ཡིན་པས་འགྲོ་ཁུངས་མ་རྙེད་པ་དང་ལག་དངུལ་རྣམས་གཏོར་ཟིན་པས་མི་གཞན་གྱི་རོགས་རམ་ལ་བརྟེན་ནས་ཕ་ཡུལ་དུ་ལོག་ཐུབ་ཙམ་བྱུང་། དབུལ་ཞིང་ཕོངས་པས་ང་ཚོའི་ཁྱིམ་ཚང་ག་བྱེད་འདི་བྱེད་མེད་པར་གྱུར་སོང”ཞེས་བཤད།

    ལོ་18ལ་སླེབས་སྐབས་དེར་དིང་རི་རྫོང་དམངས་སྲིད་ཅུས་ཀྱིས་ཁོང་མཚམས་མདའ་ཆུ་ཚན་དུ་ལས་ཀར་མངགས།

    བསྟན་འཛིན་དངོས་གྲུབ་ཀྱིས“མ་གཞི་བྱས་ན་ཟླ་རེར་གླ་ཕོགས་སྒོར་150ལས་མེད་རུང་ངའི་མིག་རྒྱང་རིང་དུ་ཕྱིན་སོང་ལ་མགྲོན་ཁང་དོ་དམ་གྱི་ཤེས་བྱ་མང་པོ་ཤེས་བྱུང་བ་མ་ཟད། རྒྱུན་དུ་སྐུ་མགྲོན་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པའི་ཁྲོད་རྒྱ་སྐད་སྦྱོང་བ་དང་རྒྱ་ཡིག་ཀྱང་ཕྲན་ཙམ་སྦྱངས་པ་ཡིན”ཞེས་བཤད། བསྟན་འཛིན་དངོས་གྲུབ་ཀྱིས་ཞབས་ཞུ་བ་བྱེད་ཞོར་དུ་རང་སྦྱོང་བྱས་པ་དང་དེའི་རིང་ན་མཉམ་གྱི་བུ་མོ་ནོར་བུ་བདེ་སྐྱིད་དང་གཉེན་སྒྲིག་བྱས།

    2006ལོར་བསྟན་འཛིན་དངོས་གྲུབ་ཀྱིས་བསགས་དངུལ་སྒོར་2000ཡོད་པ་རྣམས་སྤྱད་དེ་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུའི་ཐག་བཅད། གངས་དཀར་གྲོང་རྡལ་ནི་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དང་ཕྱི་ཕྱོགས་འགག་སྒོར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པས་བསྟན་འཛིན་དངོས་གྲུབ་ལ་དེ་ནས་ཚོང་གི་གོ་སྐབས་རྙེད།

    སྨི་ངོས་གྲུ་150ཟིན་པའི་སྡོད་ཁང་4ལ་ཞབས་ཞུ་བ་བསྟན་འཛིན་དངོས་གྲུབ་དང་ཁོང་གི་བཟའ་ཟླ་ལས་མེད། བསྟན་འཛིན་དངོས་གྲུབ་ཀྱིས“འགྲོ་སོང་གྲོན་ཆུང་བྱ་ཆེད། ཆུ་ཟོམ་བརྡོལ་ནའང་དབྱུགས་མ་ཕོད་པར་ལྷན་པ་ཡང་ཡང་རྒྱག་གི་ཡོད། པང་གཅལ་བཙོག་པ་ཆགས་སྐབས་ང་དང་བཟའ་ཟླས་པུས་མོ་བཙུགས་ནས་ཕྱིས་ཀྱི་ཡོད་པས་སྤུས་མོ་ཐེངས་མང་བརྡོལ་མྱོང”ཞེས་གསར་འགོད་པར་བཤད། མགྲོན་ཁང་གི་མིང་ལ་སྐར་འོད་ཕན་བདེ་ཞེས་འདོགས་དོན་ནི་མི་དེ་བས་མང་བར་ཕན་པ་ཐོབ་ཆེད་ཡིན།

    སྤུས་ལེགས་ཀྱི་ཞབས་ཞུ་དང་གཙང་སྦྲ་ཡག་པོ་ཡོད་པས་མགྲོན་ཁང་གི་ཚོང་ཇེ་ཡག་ཏུ་ཕྱིན་ཏེ་2008ལོར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་30ཟིན་པ་དང་2018ལོར་སྒོར་ཁྲི་60ལྷག་ཙམ་ཟིན་ཡོད།

    “ལས་གཏོད་ལམ་བུའི་ཐོག་སྐྱོད་པས་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་ཐབས་ལམ་ཇེ་མང་དུ་ཕྱིན་སོང་། ངས་དབང་པོ་སྐྱོན་ཅན་གྲོགས་པོ་དེ་བས་མང་བ་དབུལ་པོའི་གནས་ལས་སྒྲོལ་རོགས་བྱེད་ཀྱི་ཡིན” 2008ལོར་བསྟན་འཛིན་དངོས་གྲུབ་ཀྱིས་གྲོང་ཚོའི་ནང་གི་དབང་པོ་སྐྱོན་ཅན་7ལ་འཚེམ་བུ་བསླབས་ནས་ཡུལ་སྐོར་དྲན་རྟེན་དངོས་པོ་བཙོངས་པ་རེད།

    2015ལོར་དིང་རི་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གངས་དཀར་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་གཙོ་བོ་མི་རིགས་ལག་ཤེས་ཐོན་རྫས་དང་། སྒམ། ཞིང་འཕྲུལ་ཉམས་བཟོ་སོགས་བྱེད་ཀྱི་ཡོད། 2017ལོར་དིང་རི་རྫོང་གིས་སླར་ཡང་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་མཉམ་ལས་ཁང་དེར་མགྲོན་ཁང་དང་འགྲེམས་སྟོན་ཁང་གསར་སྐྲུན་བྱས་ནས་གཉེར་སྐྱོང་རྣམ་གྲངས་རྒྱ་སྐྱེད་གཏོང་རོགས་བྱས།

    ད་ཆ་མཉམ་ལས་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་གཅིག་ལྷག་ཙམ་ཟིན་པ་དང་འདི་ལོ་ཁ་ལོ་བའི་གསོ་སྦྱོང་རྣམ་གྲངས་ལག་བསྟར་བྱས་པས་ཡོང་འབབ་བསྡོམས་སྒོར་ཁྲི་200ལྷག་ཙམ་ཡོང་བཟོ་ཡོད་པ་རེད།

    ཕྱུག་འགྱུར་གྱི་གསེར་རི་ཇོ་མོ་གླང་མ།

    “ཇོ་མོ་གླང་མ་ནི་ང་ཚོའི་མིང་བྱང་ཡག་ཤོས་དེ་ཡིན”བསྟན་འཛིན་དངོས་གྲུབ་ཀྱིས་མཉམ་ལས་ཁང་གིས་གསར་སྤེལ་བྱས་པའི་ཐོན་རྫས“གཙང་པའི་ཨོ་ལོ”ཞེས་པ་འཁྱེར་ནས་གསར་འགོད་པར་ཁོང་གི་ཚོང་གི་ཉམས་མྱོང་བརྗོད།

    ཡུལ་སྐོར་ཐོན་རྫས་ལ་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་དགོས། ཕྲུ་གུའི་གྱོན་གོས་དང་། འཁྲུས་ཁུག ཤོག་སྣོད་བཅས་ཀྱི་བཟོ་ལྟར་ལྷ་ས་དང་། གཞིས་རྩེ། དིང་རི་བཅས་ཀྱི་ཉམས་འགྱུར་ལྡན་ཡོད། མཉམ་ལས་ཁང་ལ་རང་ཉིད་ཀྱི་ཚོང་རྟགས“ཡག་པོ”ཞེས་པ་ཐོ་འགོད་བྱས་ཡོད་པ་རེད། བསྟན་འཛིན་དངོས་གྲུབ་ཀྱིས་ཚོང་རྟགས་ཁྲོད་ཀྱི་ལྗང་མདོག་རྒྱབ་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་མཚོན་པ་དང་། ཚོས་གཞི་དཀར་པོ་འབུར་དུ་ཐོན་པ་དེས་ཇོ་མོ་གླང་མ་མཚོན་པ། ཚོན་ཁྲ་ཟུར་གསུམ་ལས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ་མཚོན་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    བསྟན་འཛིན་དངོས་གྲུབ་ཀྱིས“ཡུལ་སྐོར་ལག་ཤེས་ཐོན་རྫས་ཚོང་ཁང་བཙུགས་མ་ཐག་ང་ཚོས་སྟབས་བདེའི་འཁྲུས་ཁུག་དང་། ལྟོ་ཕད། དངུལ་ཁུག་སོགས་བཟོས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ད་ཆ་ང་ཚོས་ཇོ་མོ་གླང་མའི་ཁྱད་ཆོས་ལྡན་པའི་ཐང་ག་དང་ཤོག་སྣོད་སོགས་ཐོན་རྫས་གསར་པ་ཇེ་མང་དུ་གཏོང་བཞིན་ཡོད་ལ་ཕྱིར་འཚོང་ཡང་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།

    གངས་འཁྱག་གིས་བསྡམས་པའི་ས་གཞི་འདི་དག་གསེར་རི་དངུལ་རི་ཡིན་པས་སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཇོ་མོ་གླང་མའི་ཕྱོགས་སུ་སྐྱོད་པའི་རྒྱལ་ལམ་318གཡས་གཡོན་གྱི་སྤྱི་པའི་གསང་སྤྱོད་དག་དོ་དམ་བྱེད་མཁན་མེད་པའི་རྐྱེན་གྱིས་གཙང་སྦྲ་ཡག་པོ་མེད་པས་ཡུལ་སྐོར་བར་བསམ་འཆར་མང་པོ་འདུག 2017ལོར། བསྟན་འཛིན་དངོས་གྲུབ་ཀྱིས་སྡེ་ཚན་མང་པོ་དང་མཐུན་སྦྱོར་བྱས་མཐར་དབང་པོ་སྐྱོན་ཅན་དང་མི་འབོར་དབུལ་པོ་བཀོད་སྒྲིག་བྱས་ནས་སྤྱི་པའི་གསང་སྤྱོད་20ལ་གཙང་སྦྲ་དང་སྒྲིག་བཀོད་སྲུང་སྐྱོང་བྱེད་དུ་བཅུག་པ་དང་། མཉམ་ལས་ཁང་གིས་ཁོང་ཚོར་ཟླ་བ་རེར་ཁ་གསབ་རོགས་དངུལ་སྒོར་1000ནས་2500བར་སྤྲོད་ཀྱི་ཡོད་པ་རེད།

    “ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་དགེ་སྒྲུབ་ནི་ང་ཚོའི་སྤུས་རྟགས་ཡིན། སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ནི་ང་ཚོའི་རིག་གནས་ཡིན” ཇོ་མོ་གླང་མའི་ཁོར་ཡུག་སྲུང་སྐྱོང་ཐུབ་ཚེ། ཕྱུག་འགྱུར་གྱི་གསེར་རི་ཡོད་ཅེས་བསྟན་འཛིན་དངོས་གྲུབ་ཀྱིས་བརྗོད།

    རང་གཤིས་བཟང་བའི་ཕོ་གཞོན།

    གངས་དཀར་གྲོང་རྡལ་དུ། མཉམ་ལས་ཁང་གི“གཅེན་པོ”ཟེར་ན་ངོ་མི་ཤེས་མཁན་གཅིག་ཀྱང་མེད་པར་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད་པ་རེད།

    འདི་ལོ་ལོ་33ལ་སླེབས་པའི་ཤར་ལུང་གྲོང་ཚོའི་ངག་དབང་རྣམ་སྒྲོལ་གྲུམ་ནད་ཕོག་ནས་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པས་དབང་པོ་སྐྱོན་ཅན་དུ་གྱུར་ཡོད། ལོ་3གྱི་གོང་ལ་ཁོ་མོ་མཉམ་ལས་ཁང་ལ་ཞུགས་ཏེ་འཚེམ་བཟོ་འཁོར་ཁང་གི་ཐོན་སྐྱེད་ལག་ཤེས་པར་གྱུར།

    “ངའི་ལས་ཀ་ནི་ཐང་གའི་གོས་ཤམ་འཚེམ་རྒྱུ་དེ་ཡིན། ལོ་གཅིག་ནང་ཟླ་བཅུ་ལས་ཀར་བསྐྱོད་དགོས་པ་དང་དགུན་ཁ་དང་སྟོན་བསྡུའི་སྐབས་ད་དུང་འཁོར་ཞག་སྡོད་ཆོག་ལ། ཟླ་རེར་གླ་ཆ་སྒོར་2600ཡོད”ཅེས་ངག་དབང་རྣམ་སྒྲོལ་གྱིས་བྱང་ཆ་ལྡན་པའི་ངང་འཚེམ་འཁོར་རྒྱག་བཞིན་འཛུམ་དམུལ་དམུལ་གྱིས་བརྗོད།

    ངག་དབང་རྣམ་སྒྲོལ་གྱིས“གཅེན་པོ”བསྟན་འཛིན་དངོས་གྲུབ་ཀྱིས་ཁོ་མོ་དང་འདྲ་བའི་དབང་པོ་སྐྱོན་ཅན་མང་པོའི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་ལ་བསྐྱོད་ཡོད། ཁོང་ལ་རང་གཤིས་བཟང་པོ་ཞིག་ཡོད་ཅེས་གསར་འགོད་པར་བརྗོད།

    བསྟན་འཛིན་དངོས་གྲུབ་ཀྱིས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་གྲྭ་ཆེ་མོ་བ་10ལ་མི་རེར་སློབ་དུས་རེར་སྒོར་5000གི་རོགས་དངུལ་སྤྲད་པ་དང་། “4·25”ས་ཡོམ་རྗེས་ཁོང་གིས་སྒོར་ཁྲི་5ཡི་དངོས་ཟོག་ཞལ་འདེབས་བརྒྱབ་པ་མ་ཟད། གནོད་འཚེ་ཕོག་པའི་མང་ཚོགས་དང་མྱུར་སྐྱོབ་མི་སྣར་སྡོད་ཁང་དང་ཁ་ལག་རིན་མེད་ཀྱིས་མཁོ་འདོན་བྱས་ཡོད། མིག་སྔར། མཉམ་ལས་ཁང་གི་ལས་མི་56ནང་ལས་མི་36ནི་ཉེ་འགྲམ་ཤང་དང་གྲོང་ཚོའི་དབང་པོ་སྐྱོན་ཅན་ཡིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་49ཡི་མི་གྲངས་196ལས་ཞུགས་བརྟན་པོ་ཐུབ་ཡོད་པ་རེད།

    2013ལོར། བསྟན་འཛིན་དངོས་གྲུབ་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད། “བདེ་སྐྱིད་ལྡན་པའི་ཕུགས་བསམ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས”

    མཉམ་ལས་ཁང་ཡག་པོ་གཉེར་བ་དང་ཆབས་ཅིག བསྟན་འཛིན་དངོས་གྲུབ་ཀྱིས་ཕྱོགས་གང་སར་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱེད་པ་དང་། རང་ཉིད་ཀྱི་ལས་གཏོད་ལམ་བུ་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་བརྟན་དུ་བཏང་ཡོད། བསྟན་འཛིན་དངོས་གྲུབ་གཞིས་རྩེ་གྲོང་ཁྱེར་ལ་རྫོང་18ཡོད་པའི་ནང་གི་རྫོང་11ལ་འགྲོ་མྱོང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།