[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • སློབ་ཁྲིད་སྟེགས་བུའི་ཐོག་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་སྨི་5000གི་སར་མི་ཚེའི་ལེའུ་རྩོམ་པ།

    —— ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་བཟའ་ཚོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-15

    660059_yis_1568184791900_s.jpg

    འདི་ནི་ཏུའུ་ཨན་ཏུང་གིས་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མར་སློབ་ཚན་འཁྲིད་པའི་གནས་ཚུལ་ཡིན་པ།

    2008ལོར་ལས་ཀར་ཞུགས་པ་ནས་ད་བར་ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ཡིས་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་ལས་ཀ་ལོ་11བྱས་ཡོད། ཁོང་གཉིས་ཀྱིས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་གྱི་སར་དཔེ་ཁྲིད་མི་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་གཏོར་ཞིང་། “ཁྱིམ་ཆུང་དོར་ཏེ་ཁྱིམ་ཆེན་སྐྱོང་བའི”ཐོག་ནས་དུས་རབས་གསར་པའི་གཞི་རིམ་དགེ་རྒན་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བསྟོད་གླུ་བརྩམས་ཡོད་པ་རེད།

    “རྒྱ་ཡིག་ཡག་པོ་སྦྱངས་ན་གཞི་ནས་རྒྱལ་ཁབ་ལ་དེ་བས་དགའ་ཞེན་བྱེད་ཐུབ”

    རྫོང་གྲོང་དུ་གནས་པའི་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་ནི་ཉེ་འགྲམ་གྱི་ཤང་གྲོང་བཞིའི་ཆ་ཚང་སློབ་ཆུང་གཅིག་པུ་དེ་ཡིན་པ་དང་། ཉེ་འཁོར་གྱི་སྤྱི་ལེ་100ལྷག་ཙམ་གྱི་ཕྲུ་གུ་མང་ཆེ་བ་དེ་གར་སློབ་གྲྭ་འགྲིམས་བཞིན་ཡོད།

    “སློབ་དུས་གོང་མའི་སློབ་མཇུག་ཡིག་ཚད་ནང་ངས་འཁྲིད་པའི་ལོ་རིམ་ལྔ་པའི་འཛིན་གྲྭ་གསུམ་པའི་རྒྱ་ཡིག་སློབ་ཚན་གྱི་ཆ་སྙོམས་སྐར་གྲངས་82.3རེད། གྲུབ་འབྲས་དེས་མཚོ་གཉིས་རྫོང་སློབ་གསོ་ཅུས་ཀྱིས་གྲུབ་འབྲས་བསྡོམས་རྩིས་བྱས་ཚུན་གྱི་སྐར་གྲངས་མཐོ་ཤོས་བཏོད་ཡོད”ཅེས་ཏུའུ་ཨན་ཏུང་གིས་བཤད།

    ལོ་10དཀའ་བ་སྤྱད་ནས་མཐར་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་ཏུའུ་ཨན་ཏུང་གིས་2009ལོར་ཐོག་མར་སློབ་གྲྭར་སླེབས་སྐབས་ཁོང་གིས་འཁྲིད་པའི་འཛིན་གྲྭ་དེའི་སློབ་མའི་རྒྱ་ཡིག་གི་ཆ་སྙོམས་སྐར་མ་7.8ལས་མེད་པ་གསལ་པོར་དྲན་གྱི་ཡོད། ཡིག་རྒྱུགས་ལ་སྐར་མ་བརྒྱ་ཡོད་ཀྱང་སྐར་གྲངས་དེ་ལས་གཏོང་མི་ཐུབ་པ་དེའི་ཐོག་ནས་སློབ་མ་ཚོས་རྒྱ་ཡིག་སྦྱོང་འདོད་མེད་པའི་སེམས་པ་མཚོན་ཐུབ།

    བསྟན་འཛིན་བཀྲ་ཤིས་ནི་ཏུའུ་ཨན་ཏུང་གིས་ལོ་རིམ་གཉིས་པ་ནས་བཟུང་འཁྲིད་པའི་སློབ་མ་ཞིག་རེད། ཕྲུ་གུ་དེར་དགེ་མཚན་མང་པོ་ལྡན་པ་སྟེ། དགེ་རྒན་ལ་གུས་ཞབས་ཆེ་བ་དང་། སློབ་གྲོགས་དབར་མཐུན་སྒྲིལ་ཟབ་པ། ངལ་རྩོལ་ལ་དགའ་ཞེན་ཆེ་བ། སྤྱི་པའི་ཅ་ལག་ལ་བདག་གཅེས་བྱེད་པ་སོགས་ཡོད། འོན་ཀྱང་ཕྲུ་གུ་དེའི་ཞན་ཆའང་མངོན་གསལ་དོད་པོ་ཡོད་པ་ནི་རྒྱ་ཡིག་གི་ཡིག་རྒྱུགས་རྟག་ཏུ་སྐར་མ་20ཟིན་གྱི་མེད་ལ་ད་དུང་འཛིན་གྲྭའི་ནང་གི་ཕྲུ་གུ་པྲ་ཚགས་ཤིག་ཀྱང་རེད།

    ཏུའུ་ཨན་ཏུང་གིས་བསྟན་འཛིན་བཀྲ་ཤིས་འགྲམ་དུ་འབོད་ནས་སྨྱུག་རིམ་རེ་རེའི་ཐོག་ནས་ཡི་གེ་འབྲི་སྟངས་བསྐྱར་དུ་བསླབས་པ་དང་། འཛིན་གྲྭ་ཡོངས་ཀྱི་སློབ་མར“ད་ལྟ་སྐར་གྲངས་ག་ཚོད་བཏང་རུང་སློབ་སྦྱོང་ཡར་རྒྱས་ཕྱིན་ན་རྒན་ལགས་ཀྱིས་བྱ་དགའ་སྤྲད་ཆོག”ཅེས་སྐུལ་ལྕག་ཀྱང་བྱེད་ཀྱི་ཡོད།

    “མཚམས་རེ་སྦྱོང་ཚན་ཡག་པོ་བྲིས་ན་ཀུ་ཤུ་རྔན་པར་སྟེར་བ་དང་། མཚམས་རེ་སློབ་ཚན་འཚོགས་སྐབས་ལན་ཡག་པོ་བརྒྱབ་ན་བྱི་རིལ་སྟེར་གྱི་ཡོད”ཅེས་བསྟན་འཛིན་བཀྲ་ཤིས་ཀྱིས་དེ་ལྟར་བཤད། བྱ་དགའ་ཆུང་ངུ་དེ་དག་ཡོད་པས་རྒན་ཏུའུ་ཨན་ཏུང་ལགས་ཀྱི་སློབ་ཚན་ལ་དེ་བས་དགའ་བར་གྱུར་པ་དང་། སློབ་ཚན་གྲོལ་རྗེས་ད་དུང་ཏུའུ་ཨན་ཏུང་གི་རྗེས་སུ་རྒྱུག་ནས་དྲི་བ་རེ་ཟུང་འདོན་གྱི་ཡོད།

    སློབ་ཆུང་ལོ་རིམ་དྲུག་པར་སླེབས་སྐབས་བསྟན་འཛིན་བཀྲ་ཤིས་ཀྱི་རྒྱ་ཡིག་སྦྱངས་འབྲས་སྐར་མ་80ལྷག་ཙམ་ལ་སླེབས་ཀྱི་ཡོད་པ་དང་། བོད་ཡིག་དང་ཨང་རྩིས་ཀྱང་ཡག་པོ་ཡོད་པས། ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པའི་རེ་བ་ཆེན་པོ་ཡོད། འོན་ཀྱང་ཏུའུ་ཨན་ཏུང་ལ་གནད་དོན་གསར་པ་ཞིག་འཕྲད་པ་སྟེ། སློབ་མ་དེའི་སྦྱངས་འབྲས་ད་དུང་བརྟན་པོ་མེད་པ་དང་། ཡིག་རྒྱུགས་ཐེངས་འགའ་བཏང་བར་སྐབས་རེ་མཐོ་པོ་དང་སྐབས་རེ་དམའ་པོར་ལུས་ཡོད་ལ། སློབ་སྦྱོང་གི་ཧུར་སེམས་ཀྱང་དེ་ཙམ་ཆེན་པོ་མེད་པ་དེ་རེད།

    ཏུའུ་ཨན་ཏུང་གིས་བསྟན་འཛིན་བཀྲ་ཤིས་ཀྱི་སློབ་སྦྱོང་དུས་ཚོད་བགོ་བཤའ་ཇི་ལྟར་བརྒྱབ་ཡོད་མེད་ལ་བལྟས་རྗེས་སློབ་མ་དེས་བོད་ཡིག་དང་ཨང་རྩིས་ལ་སེམས་ནུས་ཆེན་པོ་འདོན་པ་དང་རྒྱ་ཡིག་སྦྱོང་བའི་ཐད་དུས་ཚོད་བལྟོས་བཅས་ཀྱིས་ཉུང་ཉུང་ལས་མི་སྤྱོད་ཅིང་། རྟག་ཏུ་རིག་ཚན་གཞན་དག་གི་སྦྱོང་ཚན་བྲིས་རྗེས་གཞི་ནས་དུས་ཚོད་བཙལ་ཏེ་རྒྱ་ཡིག་སྦྱོང་གི་ཡོད། ད་བྱེད་དུས་བསྟན་འཛིན་བཀྲ་ཤིས་ལ་དོགས་གཞི་ཞིག་ཡོད་པ་ནི“རྒྱ་ཡིག་སྦྱངས་ན་ཡང་སྙིང་ཕན་ཐོགས་ག་རེ་ཡོད་མིན”དེ་རེད།

    ཉིན་ཞིག་སློབ་གྲྭའི་ནང་རྒྱལ་དར་བསྒྲེངས་བའི་མཛད་སྒོ་འཚོགས་པ་དང་། ཏུའུ་ཨན་ཏུང་གིས་སློབ་ཁང་དུ་འཛིན་གྲྭའི་སློབ་མ་ཡོངས་ལ“ཁྱེད་ཚོས་ད་ལྟ་རྒྱལ་གླུ་བླངས་སོང་། གཞས་ཚིག་གི་དོན་དག་ག་རེ་ཡིན་མིན་དང་དེའི་འབྱུང་ཁུངས་གང་འདྲ་ཡིན་མིན་ཨེ་ཤེས”ཅེས་དྲིས་པར་སློབ་མས་ལན་འདྲ་མིན་སྣ་ཚོགས་བཏབ། ཏུའུ་ཨན་ཏུང་གིས་ཉེ་རབས་ཀྲུང་ཧྭ་མི་རིགས་ཀྱི་འཆི་གསོན་ཆགས་འཇིག་སྐོར་ནས་གླེང་སྟེ《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱིས་ཀྲུང་གོ་མི་དམངས་ཀྱི་ཧུར་སྐྱེད་སྟོབས་སྤེལ་ལ་སྐུལ་ལྕག་བཏང་བས་མཐར་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་རེད་ཅེས་བཤད།

    “ནང་སའི་དགེ་རྒན་ཚང་མས་རྒྱ་ཡིག་ཐོག་ནས་སློབ་ཚན་འཁྲིད་ཀྱི་ཡོད། ཁོང་ཚོའི་མཁྱེན་རྒྱ་ཡངས་པ་དང་སློབ་ཁྲིད་གནང་བའི་ཤེས་བྱ་ངས་དེ་སྔ་མཚོ་གཉིས་ནས་ཐོས་མྱོང་གཏན་ནས་མེད། ནང་སའི་སློབ་གྲོགས་ནི་མི་རིགས་མི་འདྲ་བ་ཤ་སྟག་ཡིན་པ་དང་ཚང་མས་མཉམ་དུ་སྤྱི་སྐད་བརྒྱབ་ན་གཞི་ནས་གྲོགས་པོ་བཟང་པོ་སྒྲིག་ཐུབ། དཀའ་ངལ་འཕྲད་སྐབས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད”ཅེས་འདི་ལོ་ལོ་17ལ་སླེབས་པའི་སྒྲོལ་མ་གཡང་སྐྱིད་ནི་དེ་སྔ་ཚའོ་ཞའོ་ཧྭ་ཡི་འཛིན་གྲྭའི་སློབ་མ་ཡིན་པ་དང་མིག་སྔར་པེ་ཅིང་བོད་ལྗོངས་སློབ་འབྲིང་དུ་མཐོ་འབྲིང་ལོ་རིམ་གཉིས་པ་འགྲིམ་བཞིན་ཡོད།

    ཁོ་མོའི་སྐད་ཆ་དེས་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ཁྲོད་དུ་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར།

    2014ལོར་ནག་ཆུ་ས་ཁུལ་གྱི“ཕུལ་བྱུང་དགེ་རྒན”དང་། 2016ལོར་མཚོ་གཉིས་རྫོང་གི“ཕུལ་བྱུང་དགེ་རྒན”། 2018ལོར་མཚོ་གཉིས་རྫོང་གི“ཕུལ་བྱུང་རིག་ཚན་ཙུའུ་ཀྲང”སོགས་བྱ་དགའ་མང་པོ་ཐོབ་པའི་རྒྱབ་ངོས་ན་ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་རྣམ་གཉིས་ཀྱིས་སློབ་བུ་མང་པོར་ཤེས་བྱ་ཡོན་ཏན་ཁྲིད་པ་དང་། སློབ་བུའི་བླ་སྲོག་བསྐྱངས་པ། སློབ་བུ་མང་པོ་མཚོ་གཉིས་ནས་ཐོན་ཏེ་རྒྱལ་ཁམས་འགྲིམ་པ་བཅས་པ་ནི་བགྲང་གིས་མི་ལང་།

    སློབ་ཁྲིད་ཀྱི་གྲུབ་འབྲས་ཁྱད་དུ་འཕགས་པར་བརྟེན་ཏུའུ་ཨན་ཏུང་ཉིད་རྒྱ་ཡིག་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་དུ་བསྐོས།

    ཐམས་ཅད་ཕྲུ་གུའི་དོན་དུ་ཡིན། སློབ་གྲྭའི་དགེ་རྒན་ཚང་མའི་འབད་བརྩོན་ལ་བརྟེན་ནས་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གི་སློབ་ཁྲིད་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་སོང་བ་དང་། ན་ནིང་ནང་སའི་བོད་ལྗོངས་འཛིན་གྲྭའི་དམའ་རིམ་སློབ་འབྲིང་གི་བསྡུ་ལེན་རྒྱུགས་སྤྲོད་ནང་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གི་སློབ་མས་ནག་ཆུ་གྲོང་ཁྱེར་ནུབ་རྒྱུད་རྫོང་བཞི་ནས་ཨང་དང་པོ་བླངས་ཡོད་པ་རེད།

    “སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ”

    2008ལོའི་དབྱར་ཁར་ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ཤིན་ཅང་སློབ་ཆེན་ནས་ཐོན་རྗེས་ཕ་ཡུལ་ཧྲན་ཏུང་དུ་ལོག་ནས་ལས་ཀ་བྱས། གོ་སྐབས་གློ་བུར་ཞིག་ལས་བོད་ཀྱི་དགེ་རྒན་བསྡུ་བའི་གཞུང་བསྡུའི་རྒྱུགས་ལེན་ནང་ཞུགས་ཏེ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་དུ་ལས་བགོས་བྱས།

    ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་དུ་ཐོག་མར་འབྱོར་ཐོ་འགོད་དུས་ཁོང་གཉིས་ནི་སློབ་གྲྭའི་ནང་གི་རྒྱ་རིགས་དགེ་རྒན་འབའ་ཞིག་ཡིན་པ་དང་། ཚའོ་ཞའོ་ཧྭའི་འཛིན་གྲྭའི་སློབ་མ་ཁ་ཤས་ཀྱིས་སློབ་ཚན་ཁྲིད་སྐབས་རྣམ་གཡེང་རྩེད་འཇོར་རོལ་བ་དང་ཁ་ཏ་བསླབ་བྱ་ཅི་ཙམ་བརྒྱབ་ཀྱང་སྒྲིག་ལམ་ལ་མི་བརྩི་བས་ཁོང་འཚིག་པ་བཟས་ནས་མིག་ཆུ་ཤོར། ཉེ་འཁོར་དུ་གཉེན་ཉེ་གཅིག་ཀྱང་མེད་པས་སློབ་གྲྭ་དང་ཁྱིམ་གྱི་དོན་དག་ཆེ་མ་ཆུང་གསུམ་རང་གིས་ཧུར་ཐག་སྒྲུབ་དགོས་ཀྱི་ཡོད།

    “ཇི་ལྟར་བྱས་ནས་སློབ་མའི་བློ་ཡི་སྒོ་མོ་འབྱེད་དགོས་སམ། གང་འདྲ་བྱས་ཚེ་གཞི་ནས་ལས་རོགས་དང་ཁྱིམ་བདག་རྣམས་ཀྱི་ཡིད་ཆེས་འཐོབ་ཐུབ་བམ”ཏུའུ་ཨན་ཏུང་གིས་རང་ལ་དྲི་བ་དེ་ལྟར་བཏོན།

    བོད་དུ་སློབ་ཆུང་ལོ་རིམ་ལྔ་པའི་སློབ་དུས་རྗེས་མའི་རྒྱ་ཡིག་སློབ་དེབ་ཀྱི་ནང་སློབ་ཚན་ཞིག་ལས་རྒྱ་བོད་མི་རིགས་ཀྱི་འཆམ་མཐུན་སྐོར་བརྗོད་ཡོད། ཏུའུ་ཨན་ཏུང་གིས་སློབ་མ་རྣམས་ལ་འུན་ཤིང་ཀོང་ཇོ་བོ་ཁྲང་ཨན་ནས་ལམ་ལ་ཆས་ཏེ་ནས་དང་། སྲན་མ། པད་ཁ། གྲོ་སོགས་ཀྱི་ས་བོན་དང་སོ་ནམ་ལག་རྩལ་སྣ་ཚོགས་བོད་དུ་སྤེལ་བ་དང་། དེ་ནས་བཟུང་བོད་དུ་འབྲུ་རིགས་སྣ་ལྔ་ཡོད་པར་གྱུར་པ་དང་མི་སེར་གྱིས་ཀྱང་སོ་ནམ་དང་ལག་རྩལ་གཞན་དག་རྟོགས་ཤིང་། བོད་དང་ནང་སའི་མཛའ་གཅུག་གི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་སོང་བའི་སྐོར་གྱི་གཏམ་རྒྱུད་བཤད།

    དེ་མ་ཐག་སློབ་མ་ཚོས་ལག་པ་བརྐྱང་ནས“རྒན་ཏུའུ་ལགས། སྲན་མ་ཟེར་བ་ག་རེ་རེད”“རྒན་ཏུའུ་ལགས། པད་ཁ་ཞེས་པ་གང་འདྲ་ཞིག་ཡིན”“རྒན་ཏུའུ་ལགས། བོད་ལ་ཚལ་འདི་དག་ཡོད་ན་ང་ཚོའི་མཚོ་གཉིས་སུ་མཐོང་མི་ཐུབ་པ་ཅི་ཡིན”……ཞེས་དྲི་བ་སྣ་ཚོགས་བཏོན།

    ཕྲུ་གུ་ཚོའི་ཟོལ་མེད་ཀྱི་དྲི་བ་དེ་དག་ཧ་ཅང་ཡག་པོ་རེད།

    “ཕྲུ་གུ་ཚོར་མཚོ་གཉིས་ཀྱི་འཚོ་བ་སྐྱོ་པོ་དང་མཐུན་རྐྱེན་ཞན་པ་ཁོ་ན་བཤད་མི་རུང་བར་ད་དུང་ཁོང་ཚོ་ལ་རེ་བ་མཐོང་དུ་འཇུག་དགོས། ཁོང་ཚོར་མཚོ་གཉིས་ནི་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བར་བྱེད་དགོས”ཞེས་ཏུའུ་ཨན་ཏུང་གིས་བཤད།

    ས་བབ་མཐོ་ལ་གསོ་རླུང་དཀོན་པའི་མཚོ་གཉིས་རྫོང་དུ་ལྗང་མདོག་མཐོང་དཀའ་ནའང་། གང་ལྟར་ཏུའུ་ཨན་ཏུང་གིས་ཚོད་ལྟ་ཞིག་བྱེད་འདོད་བྱུང་།

    ཞོགས་པ། ཆར་པ་སིམ་སིམ་ཞིག་བབས་རྗེས་མཚོ་གཉིས་རྫོང་གི་ནམ་མཁའ་གཡུ་ལྟར་སྔོ།

    ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ཡིས་རང་ཁྱིམ་གྱི་སྒོ་རྭའི་ནང་ཚལ་ཞིང་ཆུང་ཆུང་ཞིག་སྦོལ་ཡོད། ལོ་འདི་དག་རིང་། ཏུའུ་ཨན་ཏུང་ཕ་ཡུལ་ནས་བོད་དུ་ལོག་རིམ་བཞིན་རྒྱ་བཟའ་ཀོང་ཇོ་བཞིན་ཀྲོ་མ་ཀྲུ་དང་། ཙོང་། ཧོང་ཀྭ སྔོ་ཚོད་སོགས་ཀྱི་ས་བོན་འཁྱེར་ཡོང་བ་དང་། ཁོང་གིས“མི་རིགས་མཐུན་སྒྲིལ་གྱི་ས་བོན”འདི་དག་ལ་འབྲས་བུ་འདེགས་རྒྱུར་འབད་ཡོད།

    ས་བབ་མཐོ་ཚད་སྨི་5000ཟིན་པའི་ས་མཐོར་ཚལ་འདེབས་པར་དཀའ་ལས་ག་ཚོད་ཡོད་དམ་ཞེ་ན། ས་བོན་ཁག་གཅིག་མྱུ་གུ་འབུས་མྱོང་མེད་པ་དང་། ཀྲོ་མ་ཀྲུ་ཟླ་བ་5ཙམ་འཚར་ཡང་ད་དུང་སྨིན་མེད་པ། ཚལ་ཚང་མ་དགུན་ཁ་ཤར་མ་ཐག་རྙིད་པ་སོགས་རེད། ཡིན་ནའང་ཁོང་བཟའ་ཚོ་གཉིས་པོས་ཐོན་འབབ་མང་ཉུང་ལ་མ་བལྟོས་པར་ཉིན་ལྟར་རྐོ་མ་རྒྱག་པ་དང་། རྩྭ་ངན་འཐུ་བ། ཞོགས་གནངས་འཆར་ལ་ལུད་རེ་རྒྱག་གི་ཡོད།

    “ངས་དཔེ་དེབ་ཐོག་ཧོང་ཀྭ་ཡི་པར་མཐོང་མྱོང་ནའང་ཚལ་ཞིང་དུ་སྐྱེས་པ་མཐོང་མ་མྱོང”ཞེས་ལོ་རིམ་ལྔ་པའི་འཛིན་གྲྭ་གསུམ་པའི་ཚེ་རིང་དབང་ཕྱུག་གིས་བཤད། ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་འཇིགས་གྲགས་ཀྱིས་སྐད་ཆ་མཐུད་དེ་ཧོང་ཀྭ་སྡོང་པོ་འདིར་ང་ཧ་ཅང་དགའ་པོ་ཡོད། ད་དུང་ཆུ་རྒྱག་མྱོང་ཡོད། ཧོང་ཀྭ་སྨིན་རྗེས་ངར་བདག་པ་རེད་ཅེས་བཤད།

    ལམ་ཐག་རིང་བར་བརྟེན། མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གི་སློབ་མ་438ཀྱི་ཁྲོད་ནས་ཕྱེད་ཀ་སློབ་གྲྭར་ཞག་སྡོད་བྱས་ཏེ་སློབ་དུས་གཅིག་ལ་ཁྱིམ་དུ་ཐེངས་གཅིག་ལས་ལོག་མི་ཐུབ། སློབ་མའི་བདེ་འཇགས་ལ་བསམ་བློ་བཏང་སྟེ་གཟའ་མཇུག་ལ་ངལ་གསོ་ཡིན་ནའང་སློབ་གྲྭས་སློབ་མ་རང་དགར་ཕྱིར་གཏོང་གི་མེད། མུའུ་བཅུ་ཕྲག་ཁ་ཤས་ལས་མེད་པའི་སློབ་གྲྭ་ནི་ཕྲུ་གུ་འདི་ཚོའི་བྱིས་དུས་ཀྱི་དྲན་གསོ་རེད།

    སློབ་ཚན་གྲོལ་རྗེས་སམ་ཡང་ན་གཟའ་མཇུག་གང་ཡིན་རུང་འཛིན་གྲྭའི་ནང་སློབ་མས་ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་མཐོང་ཚེ་དགའ་སྤྲོའི་ངང་ཁོང་གཉིས་ཀྱི་མཐའ་འཁོར་དུ་རུབ་ཀྱི་ཡོད། 2017ལོར་ཚའོ་ཞའོ་ཧྭ་ཧྲན་ཏུང་དུ་བང་གསོ་རིང་ཕྲུ་གུ་ཚོས་རྟག་ཏུ་ཏུའུ་ཨན་ཏུང་ལ“རྒན་ཚའོ་ལགས་ག་པར་ཕྱིན་པ་རེད་དམ། ག་དུས་ལོག་གི་རེད་དམ”ཅེས་འདྲི་ཡི་ཡོད། དབྱར་གསེང་རིང་། ལོ་རིམ་དྲུག་པའི་སློབ་མ་བློ་བཟང་སྒྲོལ་མས་ཁོང་གཉིས་ཀྱི་མོ་ཊའི་སྒེའུ་ཁུང་ཐོག་མཛུབ་མོས“ངའི་ཨ་མ་ཚའོ་ལགས། ཁྱེད་ལོག་ཕེབས་དང་། ངས་ཁྱེད་རང་དྲན”ཞེས་བྲིས་ཡོད།

    མཚོ་གཉིས་རྫོང་ནི་བྱང་འབྲོག་ཁུལ་དུ་གནས་པས་སློབ་འགོ་ཚུགས་དུས་དང་འབྲོག་ལས་བྲེལ་བའི་སྐབས་སུ་ཁྱིམ་བདག་ཚོས་སློབ་གྲྭ་ནས་ཕྲུ་གུ་འཁྲིད་དེ་འགྲོ་ཡི་ཡོད། སློབ་གསོའི་ལས་ལ་གཞོལ་ནས་ལོ་11སོང་རིང་། ཏུའུ་ཨན་ཏུང་གིས་ཁྱིམ་བདག་ག་ཚོད་ལ་ཕྲུ་གུ་སློབ་གྲྭར་གཏོང་རྒྱུའི་ཁ་ཏ་བྱས་པ་གསལ་པོ་ཤོད་རྒྱུ་མེད།

    ཟླ་8ཚེས་23ཉིན། སློབ་འགོ་ཚུགས་ནས་ཉིན་འགའ་ཤས་ལས་མ་སོང་བར་ཏུའུ་ཨན་ཏུང་གིས་རང་འཛིན་གྲྭའི་བསྟན་འཛིན་བཀྲ་ཤིས་ཀྱི་རྒྱ་ཡིག་སྦྱངས་འབྲས་ཞན་དུ་ཕྱིན་པ་དང་ད་དུང་སློབ་སྦྱོང་བྱེད་མི་འདོད་པའི་སྣང་བ་ཡོད་པ་ཤེས། ཁོང་ལ་ཐབས་ཤེས་མེད་པར་ཁྱིམ་དུ་འཚམས་འདྲིར་འགྲོ་རྒྱུའི་ཐག་བཅད།

    “ད་ལོ་བསྟན་འཛིན་བཀྲ་ཤིས་དམའ་རིམ་སློབ་འབྲིང་ལ་འགྲོ་དགོས་སྟབས་ཁྱིམ་བདག་དང་སློབ་གྲྭའི་དགེ་རྒན་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་ཚེ་གཞི་ནས་ཕྲུ་གུའི་མདུན་ལམ་ལ་འཐུས་ཤོར་མི་ཡོང”ཞེས་ཏུའུ་ཨན་ཏུང་གིས་བཤད་ཅིང་། ཁོང་གིས་ཁྱིམ་བདག་ཚོས་ཕྲུ་གུར་ནང་ལས་ལྕི་པོ་མ་སྐུལ་བའི་གོ་སྐོན་བློ་འགུག་བྱེད་ཞོར་དུ་ཕྲུ་གུར་སློབ་གྲྭ་གྲོལ་རྗེས་རང་ཁྱིམ་དུ་གསབ་སྦྱོང་ལ་ཡོང་དགོས་ལུགས་བཤད།

    ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ཡིས་རང་ཉིད་ཀྱི་ཕྲུ་གུ་ལྟར་བོད་རིགས་སློབ་མར་ལྟ་རྟོག་བྱེད་ཀྱི་ཡོད་པས་སློབ་མའི་ཁྱིམ་བདག་དང་སློབ་གྲྭའི་ལས་རོགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་ཆེན་པོ་ཐོབ་ཡོད།

    མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་བསྟན་འཛིན་ཆོས་རྒྱལ་གྱིས“ཁོང་བཟའ་ཚོ་གཉིས་ལ་སློབ་རྒྱུས་ཡག་པོ་ལྡན་པས་ནང་སར་ལས་ཀ་ཡག་པོ་ཞིག་རྙེད་ཐུབ། ཡིན་ནའང་། ཁོང་གཉིས་ཀྱིས་མཚོ་གཉིས་ཀྱི་ཕྲུ་གུ་དང་ཁ་གཏན་ནས་བྲལ་མི་འདོད་པར་སྐད་གྲགས་མེད་པར་སློབ་གསོའི་ལས་གནས་ཐོག་ལེགས་སྐྱེས་འབུལ་བཞིན་མི་རིགས་མཐུན་སྒྲིལ་གྱི་རེ་བའི་ས་བོན་བཏབ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ཀྱི་ཡང་རྩེར་རབ་ཏུ་བཞད་པ་བྱས་ཡོད”ཅེས་བརྗོད།

    “ཆ་རྐྱེན་ག་ཚོད་ཞན་ཡང་བརྟན་སྲུང་བྱེད་མཁན་ཡོད་དགོས”

    ས་བབ་མཐོ་ཚད་སྨི་5000ཟིན་པའི་ས་མཐོར། ལ་དུག་ཕོག་སྟེ་མགོ་ན་ནས་གོམ་པ་རེ་གཉིས་སྤོས་ཀྱང་དབུགས་ཧལ་བ་དང་མཚན་མོ་རྟག་ཏུ་གཉིད་ཁུག་གི་མེད།

    གྲང་ངར་ཆེ་བའི་དགུན་དུས་སུ་དངོས་ཟོག་དཀོན་པས་ཟླ་ཁ་ཤས་བསྟུད་མར་ཞོག་ཁོག་དང་། པད་ཚལ། ལ་ཕུག་བཅས་ལས་ཟ་རྒྱུ་མེད་པ་དང་དངོས་ཟོག་གི་རིན་གོང་ནང་ས་ལས་ལྡབ་ཁ་ཤས་ཀྱིས་མཐོ་བ་ཡོད།

    རང་འབབ་ཆུ་ཀ་ལ་མེད་པས་ཆུ་འགྱིག་དམ་གང་ལ་སྒོར་3སྤྲོད་དགོས་ཀྱི་ཡོད། དེས་མ་ཟད། ཆུ་ལམ་སེང་སྤྱོད་རྒྱུ་མེད་པར་བྱེ་མ་དང་རྩྭ་སྙིགས་སིམ་རྗེས་གཞི་ནས་འཐུང་རྒྱུ་ཡོད།

    གོང་དུ་བརྗོད་པ་ལྟར་མཚོ་གཉིས་རྫོང་ལ་ཆ་རྐྱེན་ཞན་པོ་ཡོད་རུང་། ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ཡིས་ནང་མིར་གནས་ཚུལ་དེ་དག་བརྗོད་མྱོང་མེད། ལྷག་པར་དུ་ཨ་མར་བཤད་ན་ཁོང་སེམས་ཁྲལ་ཆེན་པོ་གནང་གི་རེད”ཅེས་ཏུའུ་ཨན་ཏུང་གིས་བརྗོད།

    དེ་སྔ་ཏུའུ་ཨན་ཏུང་སློབ་ཆུང་འགྲིམ་སྐབས་ཨ་མར་སྙིང་གི་ན་ཚ་ཡོད་པ་བརྟག་དཔྱད་ཐུབ་པ་དང་། 2009ལོའི་དབྱར་ཁར། ཏུའུ་ཨན་ཏུང་གིས་ཁ་པར་རྒྱག་སྐབས་ཨ་མ་བདེ་པོ་མེད་པ་ཤེས། ཁོང་གིས་ཨ་མས་དངུལ་གྲོན་ཆུང་ཡོང་ཆེད་ན་ཟུག་དྲག་པོ་མ་བཏང་བར་སྨན་ཁང་དུ་མི་འགྲོ་བ་ཤེས་ཀྱི་ཡོད། དགུན་ཁའི་གུང་གསེང་བཞག་རྗེས་ཏུའུ་ཨན་ཏུང་ཕ་ཡུལ་དུ་སླེབས་སྐབས་ཨ་མ་ཧྲན་ཏུང་ཞིང་ཆེན་ཅི་ཉིང་གྲོང་ཁྱེར་གྱི་ཁོངས་གཏོགས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཁྲིད་པ་རེད། བརྟག་དཔྱད་བྱས་རྗེས་གློ་བའི་འབྲས་སྐྲན་ལྕི་པོ་ཡོད་པ་ཤེས།

    2010ལོའི་ཟླ་གསུམ་པར། སློབ་འགོ་ཚུགས་གྲབས་ཡོད་པའི་མཚམས་དེར། ཨ་མས་པ་ཕར་བར་བསྐུར་རྒྱུའི་ཕག་ཀྲིན་དང་། གཡེར་མ། སྔོ་ཚལ་སྐམ་པོ་བཅས་གྲ་སྒྲིག་བྱེད་དུ་བཅུག་པ་དང་གཅེན་མོར་བུས་དགའ་ཤོས་ཀྱི་བཟའ་བཅའ་ཉོ་རུ་བཅུག་པ་རེད། ནང་མི་ཚང་མ་མཉམ་དུ་བསྡད་ནས་འདི་ལོའི་སྟོན་ཏོག་ལེགས་པའི་སྐོར་གླེང་སྐབས་ཨ་མ་དགའ་ཚོར་ཆེན་པོ་བྱུང་ནས“ཡོང་འབབ་མང་པོ་བྱུང་ན་ཕྲུ་གུ་གསུམ་ལ་མི་རེར་ཁང་པ་རེ་རྒྱག་གི་ཡིན”ཞེས་བརྗོད་པ་དང་། ཡང་ཏུའུ་ཨན་མིང་ལ“བུ་རང་བློ་བདེ་པོའི་ངང་ལས་ཀར་རྒྱུག ཨ་མར་སེམས་ཁྲལ་བྱེད་མི་དགོས”ཞེས་བརྗོད།

    ཟླ་4ཚེས་18ཉིན་གྱི་ཉིན་གུང་། ཏུའུ་ཨན་ཏུང་ལ་ཨ་མའི་ཁ་པར་ཞིག་འབྱོར་བ་སྟེ། “བུ། ཨ་མ་མི་ཡོང་བ་མི་འདུག་པས་བུ་རང་འཕྲད་འདོད་འདུག”ཅེས་བརྗོད་པ་དང་། དེ་མ་ཐག་ཏུའུ་ཨན་ཏུང་མྱུར་དུ་ཕ་ཡུལ་ཕྱོགས་སུ་ཐོན།

    ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནས་ཏུའུ་ཨན་ཏུང་གི་ཕ་ཡུལ་བར་ཉིན་བཞི་ལྷག་ཙམ་འགོར་བས། ཉིན་དང་པོ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་སླེབས་སྐབས་ཁོང་གིས་ནང་མིའི་ས་ནས་ཨ་མ་གྲོངས་པ་ཤེས། དེ་རྗེས་ཀྱི་ལོ་10ཡི་རིང་། ཕ་ཡུལ་དུ་ལོག་པ་དང་ཕ་ཡུལ་ནས་བྲལ་སྐབས་རྟག་ཏུ་ཏུའུ་ཨན་ཏུང་གིས་ཨ་མར་མཆོད་འབུལ་བྱེད་པར་འགྲོ་བ་དང་། ཁོང་དང་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་དང་། མཚོ་གཉིས་རྫོང་གི་སློབ་མ་ཚོར་ཡར་རྒྱས་ཕྱིན་ལུགས། བཟའ་ཟླ་དང་ཕྲུ་གུའི་སྐོར་བརྗོད་ཀྱི་ཡོད།

    2010ལོར། ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ལ་བུ་ཆེ་བ་ཏུའུ་ཅུན་ཧའོ་སྐྱེས་པ་དང་། ཕྲུ་གུ་ཕ་ཡུལ་ཧྲན་ཏུང་དུ་ཡོད་པའི་ཏུའུ་ཨན་ཏུང་གི་པ་ཕའི་སར་བཞག ན་ནིང་། ཁོང་གཉིས་ལ་ཏུའུ་ཨན་ཏུང་གི་བུ་ཆུང་བ་སྐྱེས་པ་དང་ཏུའུ་ཨན་ཏུང་གི་གཅུང་མོས་ལྟ་རྟོག་བྱེད་ཀྱི་ཡོད།

    ཏུའུ་ཅུན་ཧའོ་སློབ་ཆུང་འགྲིམས་སྐབས་ཏུའུ་ཨན་ཏུང་གིས་ཁ་པར་བརྒྱུད་བུ་དང་འབྲེལ་གཏུག་བྱས་ཏེ་ཁོ་བོའི་སློབ་སྦྱོང་གི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད། ཏུའུ་ཨན་ཏུང་གི་པ་ཕས་ཡི་གེ་ཤེས་ཀྱི་མེད་པས་སྦྱོང་ཚན་སློབ་ཐབས་བྲལ་ཡོད། སློབ་མ་གཞན་དག་ཁྱིམ་དུ་ལོག་རྗེས་ཆུ་ཚོད་གཅིག་ནང་སྦྱོང་ཚན་འབྲི་ཐུབ་ཀྱང་། ཏུའུ་ཅུན་ཧའོ་ཕྱི་དྲོ་ཆུ་ཚོད་4པ་ནས་མཚན་མོའི་ཆུ་ཚོད་9པ་བར་སྦྱོང་ཚན་འབྲི་དགོས་པ་དང་སྦྱོང་ཚན་འབྲི་དེབ་ཐོག་ད་དུང་ལན་འདེབས་མི་ཐུབ་པའི་དྲི་བ་མང་པོ་ཡོད།

    ལོ་དེར་ཕ་ཡུལ་དུ་ལོག་སྐབས། ཏུའུ་ཨན་ཏུང་གིས་བུའི་སྦྱངས་འབྲས་ཡག་པོ་མེད་པ་མ་ཟད། ད་དུང་གོམས་གཤིས་ངན་པ་མང་པོ་འཇགས་ཡོད། རྒན་ལགས་ཀྱིས་སྤྲད་པའི་ཡིག་རྒྱུགས་དང་སྦྱོང་ཚན་སྦས་ནས་རྫུན་གཏམ་ཤོད་རྒྱུར་དགའ་བ་དང་ཁྱིམ་བདག་གི་ཡིག་གཟུགས་དཔེར་བལྟས་ནས་རང་ཉིད་ཀྱི་རྒྱུགས་ཤོག་ཐོག་མིང་རྟགས་འགོད་པ་སོགས་བྱེད་ཀྱི་ཡོད། ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ཁོང་ཁྲོ་ཆེན་པོ་ལངས་ནས་ཉེས་རྡུང་དྲག་པོ་བཏང་།

    “པཱ་ལགས། ཨ་མ་ལགས། འཛིན་གྲྭའི་ནང་གི་སློབ་གྲོགས་ཚང་མར་ཕ་མས་ལྟ་རྟོག་བྱེད་མཁན་འདུག ངར་ལྟ་མཁན་མི་འདུག འཛིན་གྲྭའི་ནང་གི་སློབ་གྲོགས་ཁག་གཅིག་གིས་ངར་བདག་མེད་བྱིས་པ་རེད”ཅེས་བརྗོད་ཀྱི་འདུག ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་ཡི་བསམ་པར་ཕྲུ་གུར་གོམས་གཤིས་ངན་པ་འདི་འདྲ་འཇགས་དོན་ནི་བུའི་ནོར་འཁྲུལ་མིན་པར། དེ་ནི་ཁོང་གཉིས་པོས་ཕ་མའི་འགན་འཁྲི་མ་སྒྲུབ་པའི་རྐྱེན་གྱིས་ཡིན་པའི་སྣང་བ་འཆར། བུའི་སྐད་ཆ་དེ་དག་གོ་དུས་ནང་མི་གསུམ་པོ་མཉམ་དུ་འཐམས་ནས་ངུ་བཞིན་བསྡད།

    2016ལོའི་དབྱར་ཁར་ཏུའུ་ཨན་ཏུང་གི་དུས་རྒྱུན་དང་འདྲ་བར་སློབ་གྲྭའི་ནང་འཆམ་འཆམ་བྱེད་བཞིན་ཡོད།

    ཁྱིམ་སྒོ་འཛུལ་སྐབས་གློ་བུར་དུ་སྙིང་འཕར་ཚད་མགྱོགས་སུ་ཕྱིན་ཏེ་ན་ཟུག་དྲག་པོ་བཏང་ནས་དྲན་པ་ཐོར། དུས་ཚོད་ག་ཚོད་ཕྱིན་མིན་མ་ཤེས་ཀྱང་ཁོང་དྲན་པ་སད་དུས་ཁྱིམ་དུ་འགྱེལ་ནས་ཡོད་པ་ཚོར། སྐབས་དེ་དུས་ཚའོ་ཞའོ་ཧྭ་ཁྱིམ་དུ་མེད་པས། ངལ་གསོ་ཕྲན་བུ་བརྒྱབ་ནས་ག་ལེར་ལངས་རྒྱུ་ལས་ཐབས་གཞན་མེད།

    དེ་ནི་ཁོང་དྲན་པ་ཐོར་ཐེངས་དང་པོ་དེ་མིན་པར། 2013ལོའི་ལོ་སྟོད་ནས་སྙིང་ལ་ན་ཟུག་གཏོང་གི་ཡོད། “ན་ཟུག་གཏོང་དུས་བྲང་ཁར་ཁབ་བཙུགས་པ་ལྟར་ན་ཡི་འདུག སྐབས་རེ་སྐར་མ་ཁ་ཤས་རེར་ན་ཟུག་ཐེངས་རེ་གཏོང་བ་དང་། སྐབས་རེ་སྐར་ཆ་རེར་ན་ཟུག་ཐེངས་རེ་གཏོང་གི་འདུག”ཏུའུ་ཨན་ཏུང་གིས་སྨན་བཟས་ནས་ན་ཟུག་འཇོམས་ཐབས་བྱེད་ཀྱི་ཡོད།

    “སྨན་པས་ངར་ས་བབ་མཐོ་བའི་ས་ཁུལ་དུ་བསྡད་ན་འཆི་བའི་ཉེན་ཁ་ཡོད་ལུགས་གསུང་བྱུང”2015ལོར་མཚོ་གཉིས་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱིས་དགེ་རྒན་ལ་གཟུགས་པོར་བརྟག་དཔྱད་བྱེད་སྐབས། སྨན་ཁང་གི་ནད་བརྟག་འབྲས་བུ་ལས“སྙིང་གི་འཕར་ཚད་བརྟན་པོ་མེད་པ”མངོན་ཡོད། གཟུགས་པོ་བརྟག་དཔྱད་ཀྱི་འབྲས་བུ་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་གི་འགོ་ཁྲིད་ལ་ཚུར་ལན་བྱེད་སྐབས། “ཁྱེད་ཚོའི་སློབ་གྲྭའི་དགེ་རྒན་ཞིག་གཟུགས་པོ་ཐང་པོ་མི་འདུག་པས་མགྱོགས་པོ་ལས་ཀ་སྒྱུར་དགོས་ལུགས་བཤད”དེ་ལྟར་ཏུའུ་ཨན་ཏུང་གི་ནད་རོགས་ཚོས་ཤེས།

    “སློབ་གྲྭའི་ངོས་ནས་བརྗོད་ན། མཚོ་གཉིས་ཀྱི་བུ་ཕྲུག་གི་ཆེད་དུ་ཁྱེད་རང་འདི་གར་མུ་མཐུད་བསྡད་ན་བསམ་གྱི་འདུག འོན་ཀྱང་གྲོགས་པོའི་ངོས་ནས་བརྗོད་ན། ཁྱེད་ཀྱི་གཟུགས་པོར་བདག་གཅེས་བྱེད་རྒྱུའི་རེ་བ་དེ་བས་ཡོད”ཅེས་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཆོས་རྒྱལ་གྱིས་བཤད།

    2016ལོའི་ཟླ་བཅུ་པའི་ཉིན་ཞིག་ལ། ཏུའུ་ཨན་ཏུང་གིས་སློབ་གྲྭ་དང་སྨན་ཁང་གིས་བྲིས་པའི“ས་མཐོར་ལས་ཀ་བྱས་ན་འཚམ་པོ་མེད་པའི”ར་སྤྲོད་ཡི་གེ་འཁྱེར་ནས། ནག་ཆུ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་སུ་བསྐྱོད། དང་ཐོག་ཁོང་གི་བསམ་པར་ལས་ཀ་བསྒྱུར་བར་ཟླ་བ་གཅིག་ཙམ་འགོར་གྱི་རེད་སྙམ་སྟེ་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པར་ཡོང་བའི་བསམ་བློ་འཁོར། བསམ་ཡུལ་ལས་འདས་པ་ཞིག་ལ་ཅུས་ཀྱིས་རྩ་དོན་ཐོག་ནས་ཁོང་ལས་ཀ་བསྒྱུར་རྒྱུའི་མོས་མཐུན་བྱས་པ་མ་ཟད། ད་དུང་ལས་ཀ་བསྒྱུར་འདོད་ཡོད་པའི་ས་ཆ་ཡོད་མེད་སྐད་ཆ་དྲིས།

    དེ་དུས་ཏུའུ་ཨན་ཏུང་སླར་ཡང་སོམ་ཉིའི་དྲ་བར་ཚུད། ཁོང་གི་བློ་ཡུལ་དུ་འཆར་བ་ནི་མཚོ་གཉིས་ཀྱི་ཕྲུ་གུ་ཚོ་རེད། “ང་སྔོན་ལ་བསམ་བློ་གཏོང་གི་ཡིན། གནས་སྐབས་ལས་ཀ་བསྒྱུར་གྱི་མིན”ཞེས་བཤད།

    ཉིན་གཉིས་ཀྱི་རྗེས་སུ་འབྲུག་དབང་རྒྱལ་པོས་ཏུའུ་ཨན་ཏུང་ལས་ཀ་བསྒྱུར་མེད་པ་ཤེས། ཉི་འོད་རབ་ཏུ་འཚེར་བའི་ཉིན་ཞིག་ལ་ཁོང་སླར་ཡང་རང་གི་གཅེས་པའི་འཆད་སྟེགས་སུ་འཛེགས། རྣམ་པ་དེ་མཐོང་དུས་འབྲུག་དབང་རྒྱལ་པོ་གཤེ་གཤེ་གཏོང་རྒྱུའི་བསམ་བློ་འཁོར་ཡང་། ཁོང་འཆད་ཁྲིད་དུ་སླར་ཡང་སླེབས་པ་མཐོང་དུས་སེམས་གཏིང་ནས་དད་གུས་ཤིག་ཤུགས་སུ་སྐྱེས།

    “ཆ་རྐྱེན་ཞན་པོ་ག་ཚོད་ཡོད་ནའང་བརྟན་སྲུང་བྱེད་མཁན་ཡོད་དགོས”ཞེས་ཏུའུ་ཨན་ཏུང་གིས་བཤད།

    ཏུའུ་ཨན་ཏུང་གི་གཟུགས་པོ་ཐང་དུ་ཕྱིན་པ་དང་བསྟུན་ཁོང་བཟའ་ཚོ་གཉིས་ཀྱང་མཚོ་གཉིས་སུ་སྡོད་རྒྱུའི་བློ་རྩ་དེ་བས་བརྟན་དུ་སོང་ཡོད།

    “མཚོ་གཉིས་རྫོང་ནི་ས་བབ་ཧ་ཅང་མཐོ་བ་མ་ཟད། ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཀྱང་རེད། སློབ་གསོ་ནི་ཕྲུ་གུ་ཚོ་རི་གྲོང་ནས་ཕྱི་ཕྱོགས་སུ་བསྐྱོད་པའི་ཐབས་ལམ་ཉག་ཅིག་རེད། ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་བཟའ་ཚོས་འཆད་སྟེགས་བསྲུངས་ནས་ལོ་བཅུ་ལྷག་ཙམ་སོང་བ་དང་། རང་གི་གཅེས་ཕྲུག་ལྟར་བོད་རིགས་ཀྱི་སློབ་མར་བྱམས་སྐྱོང་བྱས་པ་མ་ཟད། ཕུལ་བྱུང་སློབ་མ་མང་པོ་གསོ་སྐྱོང་བྱས་པས་མི་སེར་ཚོས་མཚོ་གཉིས་ཀྱི་སློབ་གསོར་རེ་བས་ཁེངས་ཡོད”ཅེས་མཚོ་གཉིས་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་པ་སངས་ཀྱིས་བཤད།

    “ངའི་ཕུགས་འདུན་ཆེ་ཤོས་ནི་མཚོ་གཉིས་ཀྱི་བུ་ཕྲུག་ཉིན་རེ་བཞིན་འཚར་ལོངས་བྱུང་ནས་ཕྱིས་སུ་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུ་དེ་རེད”ཅེས་ཏུའུ་ཨན་ཏུང་གིས་བཤད། དགེ་རྒན་བྱེད་རྒྱུ་ནི་ཁོང་གི་ཆུང་དུས་ཀྱི་ཕུགས་བསམ་ཡིན་ཞིང་། མཚོ་གཉིས་སམ་ཡང་ན་ས་ཆ་གཞན་གང་དུ་ཡིན་རུང་ཁོང་གིས་དགེ་རྒན་དཀྱུས་མ་ཞིག་གི་འགན་འཁྲི་འཁུར་བའི་ངོས་འཛིན་བྱེད་པ་ལས། རང་ཉིད་ཀྱིས་བྱས་རྗེས་ཆེན་པོ་གང་ཡང་བཞག་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།