[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • འབྲོག་པ་བྱམས་པའི་མཐོང་སྣང་གི་ལོ་70

    —— ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ཤང་ནས་བྱུང་བའི་དཔང་རྟགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-04

    འབྲོག་ལས་སོས་དལ་གྱི་སྐབས་བྱམས་པ་དང་ཁོང་གི་བཟའ་ཟླ་ཁང་པ་གསར་པར་བློ་བདེ་བག་ཕེབས་ངང་བསྡད་ཡོད། འགྲུལ་ཁང་དུ་བོད་བཟོའི་ཁྱིམ་ཆས་དང་དེང་རབས་ཀྱི་ཁྱིམ་ཆས་གྲལ་སྒྲིག་པོར་བཤམས་པས་སྐྱིད་སྣང་དོད་པོ་འདུག བྱམས་པ་མེ་ཐབ་དྲོན་མོའི་གམ་གྱི་འབོལ་ཁྲིར་བསྡད་ནས་ཇ་བསྲུབས་མ་འཐུང་བཞིན་ཡོད་པ་དང་། བཟའ་ཟླས་འཕང་འཁེལ་བཞིན་ཡོད་ཅིང་། ཚ་བོ་འཁྲིས་སུ་རྩེད་འཇོར་རོལ་བཞིན་མཆིས།

    བྱམས་པ་བཟའ་ཟླ་གཉིས་དང་བུ་མོ་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་པ་དང་ནོར་50དང་ལུག་130ཡོད། ཉེ་བའི་ལོ་ཤས་རིང་། མག་པས་རླངས་འཁོར་གཉིས་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ཀར་འབད་བཞིན་འདུག

    བྱམས་པ་ནི་ཞིང་བྲན་གྱི་དུད་ཚང་དུ་སྐྱེས་ཤིང་། ཨ་མ་དང་གཅུང་མོ་སྔ་མོ་ནས་ཚེ་ལས་འདས། ཨ་ཕས་ཚེ་གང་ཞིང་བྲན་བདག་པོར་ཕྱུགས་ཟོག་འཚོ་མྱོང་ཡོད། “ང་དང་ཨ་ཕས་གཅིག་ལ་གཅིག་བརྟེན་ངང་རྩམ་རྙིང་པ་ཟ་ཞིང་རྩྭ་ཁང་དུ་སྡོད་ཀྱི་ཡོད་ལ་དེ་གར་ཐབ་ཀ་ཆུང་ངུ་ཞིག་དང་རྫ་སྣོད་ཁ་ཤས་ལས་མེད”ཅེས་ཁོང་གིས་བཤད།

    བོད་ལ་དམངས་གཙོའི་སྒྱུར་བཅོས་བྱས་རྗེས་བྱམས་པའི་ཁྱིམ་ལ་ནོར་5དང་ལུག་30བགོས། 1969ལོར་ཁོང་ལྷོ་ཁ་ས་ཁུལ་དུ་གསོ་རིག་སྦྱོང་བར་མངགས་ཏེ་ཕྱིས་སུ་ཤང་གི་སྨན་པ་ཞིག་ཏུ་གྱུར། དང་ཐོག་གི་གླ་ཆ་ལ་སྒོར་9ཡོད་པ་ད་དུང་ཡང་གསལ་པོར་དྲན་གྱི་འདུག “དེ་དུས་དངུལ་མང་བར་བརྩི་ཆོག་པས་འཚོ་བ་ཡང་ལེགས་སུ་སོང”

    གསོ་རིག་སྦྱངས་ཏེ་ལྟོ་གོས་ལ་སེམས་ཁྲལ་མེད་པར་གྱུར་ཁར་ཚེ་གང་གི་གཏན་གྲོགས་ཡང་འཕྲད་བྱུང་། ཕན་ཚུན་བརྩེ་དུང་ཆགས་པའི་སྐོར་ཕྱིར་དྲན་བྱས་ནས་བགྲེས་སོང་གཉིས་གད་མོ་ཤོར་བ་དང་། དེ་དུས་འཚོ་བ་འབྱོར་ཕྱུག་མེད་ཀྱང་། བགྲེས་སོང་གཉིས་ཀྱིས་ཡུན་རིང་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་ཀོ་མོག་ཆུ་ལ་མཉམ་འཐུང་བྱས་པ་རེད།

    1978ལོའི་རྗེས་སུ་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་བ་དང་། སྔོན་ཆད་དངུལ་ཡོད་ཀྱང་ཅ་དངོས་ཉོ་མི་ཐུབ་པའི་བསྐལ་པ་རྫོགས།

    དུས་རབས་གསར་རྙིང་གི་མཚམས་སུ་བྱམས་པས་ཁྱིམ་དུ་ཚོན་ཁྲ་མེད་པའི་བརྙན་འཕྲིན་རྙིང་པ་ཞིག་ཐོག་མར་ཉོས་པ་དང་། རྗེས་སུ“བརྙན་འཕྲིན་དུད་ཁྱིམ་ཀུན་ལ་ཁྱབ་པའི་འདུ་འགོད”ལ་སྲིད་གཞུང་གིས་ཁོང་གི་ཁྱིམ་ལ་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་ཞིག་སྤྲད། 2006ལོ་ནས་བཟུང་བོད་དུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཏེ་བྱམས་པའི་ནང་མི་ཚང་མ་སྤྱིལ་བུ་ནས་ས་རྡོ་ལས་གྲུབ་པའི་བདེ་སྡོད་ཁང་པར་སྤོས་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཤང་ཏང་ཨུད་དང་སྲིད་གཞུང་གི་འབད་བརྩོན་འོག་ཕུ་མ་བྱང་ཐང་ཤང་གི་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡང་ལེགས་བཅོས་ཐུབ་པ་དང་། མི་རེའི་ཆ་སྙོམས་ལོའི་ཡོང་འབབ་ཁེ་གཙང་2011ལོའི་སྒོར་4016ནས་2018ལོའི་སྒོར་13352བར་འཕར་ནས་2018ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་བདེ་བླག་ཐུབ་ཡོད།

    མིག་སྔར་ཕུ་མ་བྱང་ཐང་ཤང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ལས་གྲྭ་མཇུག་འགྲིལ་ཉེར་ཡོད། གྲོང་ཚོ་4ཡི་གྲོང་མི་ཁང་གསར་དུ་སྤོས་པ་དང་གྲོང་ཚོ་ལྷག་མ་2ཀྱི་གྲོང་མི་ད་ལོའི་ཟླ་10པར་ཁང་གསར་དུ་སྤོ་ཐུབ་རེ་ཡོད། ཤང་ཀྲང་ཧུའུ་ཧྥུང་པའོ་ཡིས“དེ་སྔའི་ས་རྡོའི་ཁང་པ་དང་བསྡུར་ན་ཨར་འདམ་ལྕགས་རྩིབས་མ་སྔར་བས་སྲ་བརྟན་དང་། དྲོ་པོ། སྐྱིད་སྣང་དོད་པོ་བཅས་ཡོད”ཅེས་བརྗོད།

    ད་ཆར་འབྱོར་འབྲིང་གྲོང་ཚོར་གློག་དང་། ཆུ། ལམ། དྲ་བ་བཅས་ཁྲིད་ཡོད།

    “མཐའ་མཚམས་མི་སེར་གྱི་ཁ་གསབ་དང་། རྩྭ་སའི་རོགས་དངུལ། རྒན་གསོའི་དངུལ། རྩྭ་རའི་ལྟ་སྐུལ་བའི་གླ་ཆ……” བྱམས་པས་གསར་འགོད་པར་དམངས་ཕན་སྲིད་ཇུས་མང་པོ་བགྲངས་ནས་ཁྱིམ་གྱི་ཡོང་འབབ་ཡག་ཏུ་ཕྱིན་ཏེ་ལོ་གཅིག་རིང་སྒོར་ཁྲི་6ལྷག་ཟིན་པའི་སྐོར་བརྗོད་བྱུང་།

    ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་ཆོས་ལགས་ཀྱིས། སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་སྟོབས་ཤུགས་ཧ་ཅང་ཆེ་ནའང་། འབྲོག་ལས་ནི་སྔར་བཞིན་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་རེད། ཉེ་བའི་ལོ་5ཡི་རིང་། ཤང་དུ་དྲོད་ཁང་32དང་གཟན་རྩྭ་གསོག་འཇོག་མཛོད་4སོགས་གསར་སྐྲུན་བྱས་པ་དང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལའང་ལེགས་བཅོས་ཐུབ་ཡོད། ད་ལོར་ཤང་དུ་ད་དུང་དབུལ་སྐྱོར་ཐོན་ལས་ཀྱི་མ་དངུལ་ལ་བརྟེན་ནས་ཁྱུ་གཡག་དང་ལུག་ཐུག་ནང་འདྲེན་བྱས་ནས་ཕྱུགས་ཁྱུའི་རྒྱུད་པ་ལེགས་སུ་བཏང་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཕུ་མ་བྱང་ཐང་ཤང་ནི་མཛེས་ལྗོངས་གངས་པོ་འཁྱག་རོམ་དང་ཕུ་མ་གཡུ་མཚོ་དྲ་ལམ་དུ་སྐད་གྲགས་ཆོད་ནས་མི་དེ་བས་མང་བས་རྒྱུས་མངའ་ཡོད་པར་གྱུར། གོམ་སྟབས་རྗེས་མར་ཤང་གི་མཛེས་ལྗོངས་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་གྱི་སྒྲིག་བཀོད་ལེགས་སུ་བཏང་ནས་སྔ་ས་ནས་མི་སེར་ལ་ཡུལ་སྐོར་གྱི་ཡོང་འབབ་འཐོབ་པར་བྱེད་རྩིས་ཡོད་པ་རེད།

    “ཏང་དང་སྲིད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལས་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད། སླད་ཕྱིན་སྔར་བས་འབད་བརྩོན་བྱས་ཚེ་མུ་མཐུད་བདེ་ཞིང་སྐྱིད་དུ་འགྲོ་སྲིད”ཅེས་བྱམས་པས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།