[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • “གཞན་ལ་རོགས་རམ་བྱེད་པ་ནི་སྤྲོ་བ་འཕེལ་བའི་བྱ་བ་ཞིག་ཡིན”

    —— ཡར་ལངས་ཞིང་བྲན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་གྲོང་ལྷན་གྱི་ཐུབ་བསྟན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-04

    མི་སྣའི་རྒྱབ་ལྗོངས།

    ཐུབ་བསྟན། 1937ལོར་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་དུ་སྐྱེས། སྐྱེས་པ་ནས་ལོ་18སླེབས་པའི་བར་ཕ་མ་དང་མཉམ་དུ་འདམ་གཞུང་འབྲོག་ཁུལ་དུ་ཁྲལ་འུ་ལག་རྒྱུག་པ་རེད། ལོ་ན་གཞོན་པའི་ཐུབ་བསྟན་ཉིན་ལྟར་ཞོགས་པ་ནམ་མ་ལངས་གོང་ཡར་ལངས་ནས་ཕྱུགས་འཚོ་བར་འགྲོ་དགོས་པ་དང་ས་རུབ་རྗེས་གཞི་ནས་ལོག་ཡོང་གི་ཡོད་པ་རེད། 1959ལོར། ཐུབ་བསྟན་ལྷ་སར་ཟབ་སྦྱོང་བྱེད་པར་མངགས་པ་ནས་བཟུང་ཁོང་གི་ལས་དབང་ལ་འགྱུར་ལྡོག་བྱུང་བ་རེད། 1961ལོར་སྙེ་མོ་རྫོང་དུ་ལས་བགོས་བརྒྱབ་པ་དང་1992ལོར་སྙེ་མོ་རྫོང་ནས་ལས་འཁྱུར་ངལ་གསོ་བརྒྱབ་པ་རེད། ད་ཆ། ནང་མི་ལྔ་པོ་ཚང་མ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་དུ་བསྡད་དེ་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད་པ་རེད།

    647626_yis_1564548792000.jpg

    འདི་ནི་ཐུབ་བསྟན་གྱིས་རང་ཉིད་ཀྱི་སྔོན་ཐོན་བྱས་རྗེས་ཤོད་བཞིན་པ། 

    སྔོན་ཆད་ཀྱི་སྐོར་གླེང་སྐབས་ཐུབ་བསྟན་གྱིས“བོད་རྙིང་པར། ལྟོས་གྲོད་པ་མི་རྒྱགས་ལ་གོས་ཀྱིས་ལུས་པོ་མི་དྲོས། གཉིད་ཉལ་བའི་དུས་ཚོད་ཀྱང་མེད། ཁྲལ་འུ་ལག་ཡག་པོ་རྒྱུག་མ་ཐུབ་ཚེ་ཉེས་རྡུང་ཕོག་ངེས་རེད”ཅེས་ཚིག་གཅིག་གིས་ཕྱོགས་སྡོམ་བྱས་པ་རེད།

    སྐབས་དེར་བཟའ་འབྲུ་འདང་ངེས་དང་གྱོན་ཆས་དྲོ་པོ་མེད་པའི་རྐྱེན་གྱིས། འཁྱག་ལྟོགས་ཀྱིས་མནར་ནས་ཞིང་བྲན་གྲོངས་པ་མང་པོ་ཡོད་པས། ཐུབ་བསྟན་ཡང་རྟག་པར་སྡུག་བསྔལ་ངང་འཚོ་བཞིན་ཡོད་པ་རེད།

    ཐུབ་བསྟན་གྱིས“སེམས་ལ་མང་ཚོགས་དགོས། ལག་ལ་ལག་རྩལ་དགོས། ཡིད་ལ་སྲིད་ཇུས་དགོས”ཞེས་པའི་ཚིག་གསུམ་གྱིས་རང་ཉིད་ཀྱི་ལོ་བཅུ་ཕྲག་དུ་མའི་ལས་ཀ་དང་འཚོ་བ་ཕྱོགས་སྡོམ་བྱས་པ་རེད།

    ཐུབ་བསྟན་ལོ་17ལ་སླེབས་པའི་ལོ་དེར། མི་དམངས་བཅིངས་འགྲོལ་དམག་གིས་ལས་དོན་རུ་ཁག་ཅིག་འདམ་གཞུང་དུ་མངགས་ནས་གྲ་སྒྲིག་ཞིང་འབྲོག་ཁྲུའུ་བཙུགས་པར་སྟབས་ལེགས་པ་ཞིག་ལ་ཐུབ་བསྟན་དེའི་ནང་དུ་བདམས་ནས་གཟབ་སྦྱོང་བྱེད་པའི་གོ་སྐབས་རག་པ་རེད། གོས་དྲོ་པོ་གྱོན་ཞིང་ཟས་ཞིམ་པོ་ཟ་ཀྱིན་སྔོན་ཆད་གོ་མྱོང་ཐོས་མྱོང་མེད་པའི་ཤེས་བྱ་སློབ་སྦྱོང་བྱས། ཐུབ་བསྟན་གྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་བཏང་མེད་པ་རེད།  ཟབ་སྦྱོང་མཇུག་འགྲིལ་རྗེས། སྦྱངས་འབྲས་ཡག་པོ་ཐོབ་པའི་ཐུབ་བསྟན་ཡང་བསྐྱར་ལྷ་སའི་བྱང་འདབས་སུ་ཡོད་པའི་ཕྱུགས་ལས་ཞིབ་འཇུག་སུའོ་རུ་ཟབ་སྦྱོང་བྱེད་པར་མངགས། དེ་རྗེས་སྙེ་མོ་རྫོང་དུ་དངོས་སུ་ལས་བགོས་བརྒྱབ་ནས་ཕྱུགས་རིགས་སྨན་པ་བྱེད་འགོ་ཚུགས།

    1963ལོར། བློ་མཐུན་མའོ་ཙེ་ཏུང་སྐུ་ངོ་མས“བློ་མཐུན་ལེ་ཧྥུང་ལ་སློབ་སྦྱོང་བྱེད”ཅེས་ཕྱག་བྲིས་གནང་ནས་ཀུན་ལ་འབོད་སྐུལ་གནང་། ལེ་ཧྥུང་གི་མཚན་སྙན་རྒྱལ་ཡོངས་ཀུན་ཏུ་སྐད་གྲགས་ཆོད། སྐབས་དེ་ནས་བཟུང་། ལེ་ཧྥུང་གི་སྙིང་སྟོབས་ཐུབ་བསྟན་གྱི་སེམས་ཁོང་དུ་ཟུག་ནས་སུབ་ཐབས་བྲལ་བར་གྱུར།

    “བློ་མཐུན་ལེ་ཧྥུང་གིས་རང་གི་མི་ཚེའི་འོད་སྣང་དང་དྲོ་སྐྱིད་ཚང་མ་མི་དམངས་ལ་ཕུལ་ནས། ཚད་ཡོད་ཀྱི་མི་ཚེ་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚད་མེད་ཀྱི་ལས་དོན་ཁྲོད་དངོས་འབྲེལ་འདྲེས་པར་བྱས་པ་རེད། ངས་བལྟས་ན་ཁོང་གི་མཛད་རྗེས་ནི་མི་ཚེའི་དོན་སྙིང་ཆེ་ཤོས་དང་ཆེས་སྒྲུབ་པར་འོས་པའི་བྱ་བ་ཞིག་ཡིན་པས་ངས་ཁོང་ལ་སློབ་སྦྱོང་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    1961ལོར་ལས་བགོས་བྱས་པ་ནས་1992ལོར་ལས་འཁྱུར་ངལ་གསོ་བརྒྱབ་པའི་བར། ཐུབ་བསྟན་གྱིས་སྙེ་མོ་རྫོང་དུ་ལོ་31ལ་ལས་ཀ་བྱས། ཁོང་གི་འབད་བརྩོན་འོག དུས་ཐུང་ལོ་7རིང་རྫོང་ཡོངས་ཀྱི་བ་ཕྱུགས་མགོ་གྲངས་དེ་སྔའི་ཁྲི་9ནས་ཁྲི་18བར་འཕར་བ་རེད། ཐུབ་བསྟན་གྱིས་ལོ་ལྟར་དུས་གཏན་འཁེལ་ངང་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཞིང་འབྲོག་པར་རིམས་འགོག་སྨན་ཁབ་ཇི་ལྟར་རྒྱག་པ་སོགས་ངང་རྒྱུད་རིང་པོས་སློབ་ཀྱི་ཡོད། མཐའ་འཁོར་གྱི་ཡུལ་མི་སུ་ཞིག་དཀའ་ངལ་དང་འཕྲད་ཚེ། ཐུབ་བསྟན་གྱིས་རོགས་རམ་བྱེད་ཀྱི་ཡོད། གལ་སྲིད་དུས་ཚོད་ཁོམ་པ་བྱུང་ཚེ། ཐུབ་བསྟན་མི་ཧྲེང་རྒན་རྒོན་ལ་ལྟ་བར་འགྲོ་གི་ཡོད། སྙེ་མོ་རྫོང་གི་བྱེ་འགྱུར་ཚད་ཧ་ཅང་མཐོ་བས། ཚང་མར་འཚོ་བའི་ཁོར་ཡུག་སྔར་བས་ཡག་པོ་ཞིག་ཡོང་ཆེད། ཐུབ་བསྟན་གྱིས་རྟག་ཏུ་ཤིང་འཛུགས་བྱེད་ཀྱི་ཡོད། ལས་འཁྱུར་ངལ་གསོ་བརྒྱབ་པའི་བར་ཁོང་གིས་ཁྱོན་སྡོང་རྐང་5000ལྷག་ཙམ་བཙུགས་ཡོད་པ་རེད།

    ཐུབ་བསྟན་གྱིས“མི་ལ་ལས་ང་ལ་ཁྱོད་ཀྱིས་ཡང་སྙིང་ཅི་ཞིག་རེ་བ་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ངས་རྒན་རབས་པ་ཚོས་རང་ཉིད་ལ་བཏོན་པའི་བླང་བྱ་དང་དེ་བཞིན་མི་ལ་རོགས་རམ་བྱེད་པའི་སེམས་པ་ཙམ་མ་གཏོགས་རེ་བ་གཞན་གང་ཡང་བྱེད་ཀྱི་མེད་ཅེས་ལན་བཏབ་པ་ཡིན”ཞེས་དགོད་ཞོར་དུ་བརྗོད།

    ཐུབ་བསྟན་ལ་ལས་ཀའི་ཁྲོད་བྱ་དགའ་མང་པོ་ཐོབ་མྱོང་། བྱ་དགའ་དེ་དག་ལ་ཁོང་གིས་གཅེས་སྤྲས་ཡག་པོ་བྱས་ནས་ད་ཆ་ཡང་ཉར་ཚགས་ཡག་པོ་ཐུབ་ཡོད་པ་རེད།

    “འདི་ནི་ངས་ལས་ཀ་བྱས་ནས་ལོ་གཅིག་སོང་སྐབས་ཐོབ་པ་ཞིག་ཡིན། འདི་ནི་ལས་འཁྱུར་ངལ་གསོ་རྒྱག་སྐབས་སྤྲད་པ་ཡིན” “འདི་དག་ཚང་མ་ནི་ཏང་དང་སྲིད་གཞུང་གིས་ང་ལ་ཁས་ལེན་བྱས་པའི་རྟགས་ཡིན”ཞེས་ཐུབ་བསྟན་གྱིས་སྤོབས་པ་ཆེན་པོས་བརྗོད།

    ལས་བཟང་སྒྲུབ་པར་དཀའ་ལས་མེད་མོད། ལས་བཟང་མཐར་ཕྱིན་པ་དང་ཚེ་གཅིག་རིང་སྒྲུབ་པར་དཀའ་ལས་ཡོད། ལས་འཁྱུར་ངལ་གསོ་བརྒྱབ་རྗེས། ཐུབ་བསྟན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་གྲོང་ལྷན་དུ་སྤོས། དེ་རྗེས་སེམས་རྩ་འཁོལ་བའི་ཁོང་གིས་བརྒྱད་གཅིག་སྡེ་ཁུལ་གྲོང་ལྷན་གྱི་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་བྱས། “མང་ཚོགས་ལ་དཀའ་ངལ་ཡོད་ཚེ་ངས་སེམས་ནུས་ཡོད་རྒུས་ཁོང་ཚོར་རོགས་པ་བྱེད་ངེས་ཡིན། ད་ཆ་ང་རང་གིས་ད་དུང་ཡང་གཞན་ལ་རོགས་པ་བྱས་ནས་རང་ཉིད་ཀྱི་ནུས་པ་ལྷག་མ་འདོན་སྤེལ་བྱེད་ཐུབ་པར་དགའ་པོ་འདུག”ཅེས་ཐུབ་བསྟན་གྱིས་བརྗོད།

    “གཞན་ལ་རོགས་རམ་བྱ་རྒྱུ་ནི་དགའ་འོས་པའི་བྱ་བ་ཞིག་རེད། ངས་བོད་རྙིང་པའི་སྡུག་པོ་མྱངས་མྱོང་ཡོད། གུང་ཁྲན་ཏང་གིས་ང་རང་སྡུག་བསྔལ་ལས་སྐྱབས་གནང་བས། ངས་རང་ཉིད་ཀྱི་འཇོན་ཚོད་དཔག་ཚོད་ལ་བརྟེན་ནས་གཞན་ལ་རོགས་པ་བྱེད་དགོས་ངེས་རེད” ད་ཆ་ཐུབ་བསྟན་ངོས་ནས་བརྗོད་ན། གཞན་ལ་རོགས་རམ་བྱ་རྒྱུ་དེ་གོམས་གཤིས་སུ་གྱུར་ཟིན་པ་དང་། ཁོང་གི་བདེ་སྐྱིད་འབྱུང་རྩར་ཡང་གྱུར་ཡོད།

    “གཞན་ལ་རོགས་རམ་བྱ་རྒྱུ་བྱུང་བ་ལས་ང་རང་སེམས་གཏིང་ནས་དགའ་པོ་འདུག ཁྱེད་ཀྱིས་གསན་དང་། ངའི་ལག་ཐོགས་ཁ་པར་གྱི་དྲིལ་བརྡ་ཡང《ལེ་ཧྥུང་གི་མིག་དཔེ་བཟང་པོར་སློབ་སྦྱོང་བྱེད》ཅེས་པའི་གླུ་གཞས་དེ་ཡིན། མ་གཞི་ང་རང་ལོ་རྒན་82ལ་སླེབས་མོད། ང་རང་མ་འགྱེལ་བར་དུ་ངས་ལེ་ཧྥུང་གི་སྙིང་སྟོབས་ལག་ལེན་མཐར་ཕྱིན་པ་བྱེད་ངེས་ཡིན”ཞེས་དགོད་འཚེར་འཚེར་ངང་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།