[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བྱ་བ་ལམ་ལྷོངས་བྱུང་བ་འདི་། བརྩོན་འགྲུས་ལྡན་པའི་ཐོབ་ཆ་ཡིན་།

    ​ —— བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་སོག་རུ་ཀརྨ་ཀུན་ཁྱབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2019-08-03

    648018_yis_1564634047931_s.jpg

    སོག་རུ་ཀརྨ་ཀུན་ཁྱབ(གཡོན)དང་དགེ་རྒན་ཆེ་མོ་བ་ཚེ་རིང་ཐར།

    ལོ་རབས་དགུ་བཅུ་པའི་དུས་འགོ་ནས་ད་ལྟའི་བར། བོད་ཀྱི་ཚགས་པར་དང་དུས་དེབ་ཐོག་བྲིས་པའི་སོག་རུ་ཀརྨ་ཀུནཁྱབ་ཀྱི་བརྩམས་ཆོས་བར་མ་ཆད་པར་མཐོང་རྒྱུ་ཡོད་ལ།《སྦྲང་ཆར》དང《ཟླ་ཟེར》སོགས་ལྗོངས་ཕྱིའི་དུས་དེབ་ཁག་གི་ཐོག་ཏུའང་བོད་ཀྱི་རིག་གནས་སྤྱི་བཤད་ཀྱི་ཁོངས་སུ་གཏོགས་པའི་བརྩམས་ཆོས་དང་། གསར་རྩོམ་སྒྲུང་གཏམ། ལྷུག་རྩོམ། དམངས་ཁྲོད་རྩོམ་རིག་སོགས་བཀོད་པ་མཐོང་རྒྱུ་ཡོད། རགས་རྩིས་ལྟར་ན། ཁྱོན་ཡིག་འབྲུ་ཁྲི་ཚོ་160ལྷག་ཙམ་གྱི་དཔེ་དེབ་ཁག་བརྒྱད་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པས། ཀློག་པ་པོ་ཧ་ཅང་མང་པོ་ཞིག་གི་སྣང་ངོར་ཀརྨ་ཀུན་ཁྱབ་ཟེར་བ་དེ་ཡང་སྙིང་ཇི་ལྟར་བྱས་ཏེ་དུས་ཐུང་ནང་བརྩམས་ཆོས་མང་བའི་རྩོམ་པ་པོ་ཞིག་ཏུ་གྱུར་མིན་ཤེས་འདོད་ཡོད་པས། རིང་མིན་གོང་ཁོ་བོས་ཆེད་མངགས་ཁོང་གིས་རྩོམ་འབྲིའི་ལམ་དུ་ཇི་ལྟར་སྐོར་ལ་བཅར་འདྲི་ཞུས་པ་ཡིན།

    ཁྱིམ་དང་དགོན་པར་སློབ་ཆུང་འགྲིམས། རང་བློའི་མུན་པ་རང་གིས་སངས།

    སློབ་ཆུང་ནི་གྲོང་ཚོ་དང་ཤང་སོགས་གྲོང་ཁྱིམ་འདུ་ཆེ་སར་ཡོད་པ་ཞིག་ལས་ཁྱིམ་ཚང་དང་དགོན་པར་སློབ་ཆུང་ག་ནས་ཡོད་སྲིད། འོ་ན་ཁྱིམ་དང་དགོན་པར་སློབ་ཆུང་འགྲིམས་ཞེས་བརྗོད་དོན་ཅི་ཡིན་ནམ། ཀརྨ་ཀུན་ཁྱབ་ཀྱི་གཏིང་ཟབ་པའི་བོད་ཡིག་ཤེས་ཚད་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་དེ་དག་ནི་ཁོང་གིས་ཤེས་བྱའི་རྨང་གཞི་ནས་ཤོད་དགོས་པ་ཞིག་ཡིན་གཤིས། ཁྱིམ་ཚང་དང་དགོན་པ་ནི་ཀ་ཁ་ནས་འགོ་ཚུགས་པའི་ཁོང་གི་རྨང་གཞིའི་ཤེས་བྱའི་འབྱུང་ཁུངས་ཞིག་ཡིན་པར་བརྟེན། མི་རྣམས་ཀྱི་སྣང་བར་ཡ་མཚན་པའི་སྐད་ཆ་འདི་ཤོད་དགོས་པར་གྱུར། དེའང་འདི་ལོ་རང་ལོ་39ལ་སླེབས་པའི་ཀརྨ་ཀུན་ཁྱབ་ནི། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཁོངས། མ་ཡོ་ཤང་གི་བོང་སྒང་གྲོང་ཚོར་ལྟེ་ཁྲག་འཕོས་ཤིང་། ཁོང་གི་ཕ་མ་གཉིས་ལ་ཕྲུ་གུ་རྒན་གཞོན་བཞི་ཡོད་པ་ལས། ཁོང་ནི་ཕྲུ་གུ་ཆུང་ཤོས་དེ་ཡིན་པས། ཕ་མ་གཉིས་པོས་ཁོང་དགོན་པ་ག་གེ་མོར་བཏང་ནས་དགེ་འདུན་པ་བཟང་པོ་ཞིག་ཆགས་རྒྱུའི་སེམས་འདུན་ཤིན་ཏུ་ཆེ།

    1985ལོའི་དབྱར་དུས་ཀྱི་ཉིན་ཞིག་ཁོང་ཚང་གི་ཁྱིམ་མཚེས་སྔགས་པ་རྒད་པོ་ཞིག་ཡོད་པ་དེ་ཁྱིམ་དུ་ཆོས་འདོན་ལ་གདན་དྲངས་པས། སྔགས་པས་དཔེ་ཆ་ཆུ་རྒྱུག་རྒྱུག་ཀློག་པ་མཐོང་ཙ་ན། སླར་ཡང་མདུན་དུ་ཙོག་གེར་ལངས་བསྡད་པའི་ཁོ་པའི་བློ་ཡིད་སྔགས་པས་ཡི་གེ་ཀློག་པའི་ཐོག་ལ་ཤོར། བྱིས་པ་ཡིན་ནའང་ཡི་གེར་མིག་རྡོག་རིལ་རིལ་གྱིས་དོ་སྣང་བྱེད་པའི་ཚུལ་དེས་སྔགས་པ་རྒད་པོར་ཡང་ཀརྨ་ཀུན་ཁྱབ་ལ་ཡི་གེ་སློབ་འདོད་པའི་བློ་སྐྱེས། དེ་ནས་བཟུང་སྔ་དྲོ་དགོང་ཞོགས་གང་རུང་ལ་ཁོང་གིས་སྔགས་པའི་གམ་དུ་བཅར་ཏེ་ཀ་མད་སུམ་ཅུ་ནས་སྦྱོར་ཀློག་དང་ཚིག་བསྡུས་ཀློག་ཐབས་སོགས་རིམ་གྱིས་སྦྱངས་པས། ལོ་གཉིས་སོང་ཙམ་ལ་ཚགས་པར་སོགས་ལྟ་ཀློག་ཐུབ།

    648022_yis_1564634049901_s.jpg

    དམངས་ཁྲོད་དུ་དཔྱད་གཞི་འཚོལ་བསྡུ་བྱེད་པ།

    ཀརྨ་ཀུན་ཁྱབ་རང་ལོ་14ལ་སོན་སྐབས་ཏེ། 1992ལོར། ཕ་མ་གཉིས་ཀྱིས་དགོན་པར་བསྐྱལ་ན་ཡི་གེ་འབྲི་ཀློག་དེ་བས་ཡག་ཏུ་འགྲོ་ངེས་སྙམ་ལ། དགོན་པར་གྲྭ་པ་བྱེད་རྒྱུ་དེ་ཡི་གེའི་དོན་དུ་ཡིན་པའི་སྐོར་གྱི་ཕ་མའི་སྐད་ཆ་དེས་ཁོ་རང་ལའང་དགོན་པར་སྐྱོད་འདོད་ཀྱི་སེམས་ཤུགས་བྱུང་། ཁོང་གིས《ཀརྨ་སི་ཏུའི་ཞལ་ལུང》དང《ཀརྨ་སི་ཏུའི་འགྲེལ་ཆེན》སོགས་བརྡ་སྤྲོད་གཞུང་ལུགས་ཁག་རང་སྦྱོང་ཁོ་ནར་བརྟེན་ནས་སྦྱངས་པ་མཐར་སོན་པ་བྱས་པས། ད་གཟོད་རང་གིས་བྲིས་པའི་ཡི་གེ་ཙག་ཙིག་ཚང་མ་བརྡ་སྤྲོད་གཞུང་དང་མཐུན་པ་མ་ཟད། ད་དུང་ཁོང་གིས་བོད་ཀྱི་གནའ་རྩོམ་དེབ་མི་ཉུང་བ་ཞིག་བལྟས་ཏེ་རིམ་གྱིས་གཞན་གྱི་བརྩམས་ཆོས་ཀློག་པ་ཁོ་ནས་རང་གིས་གསར་རྩོམ་བྱེད་པའི་ཕྱོགས་གོམ་པ་གསར་པ་ཞིག་སྤོ་འགོ་བརྩམས།

    གསར་འགོད་པས་ཁོང་གི་རིག་སྟོབས་དང་ཁ་ཕྱོགས་མ་འཛོལ་བའི་དགོངས་ཚུལ་ལ་བསྔགས་བརྗོད་ཞུ་སྐབས། ཁོང་གིས། ང་རང་ཧ་ལས་པའི་རིག་པ་སྤྱང་བ་ཞིག་མིན། ང་ལ་ཡོད་པ་དེ་བརྩོན་འགྲུས་ཡིན། ངའི་སེམས་ལ་སྦྱངས་ནས་མི་ཤེས་པ་དཔེ་མི་སྲིད་སྙམ་གྱི་ཡོད་ཅེས་དོན་ལ་གནས་པའི་སྐད་ཆ་དྲང་པོ་ཞིག་གསུངས་ཀྱི་འདུག

    ཁོང་གིས་ནམ་རྒྱུན་ཚགས་པར་དང་དུས་དེབ་ཐོག་འཁོད་པའི་རྩོམ་ཡིག་ལ་བལྟ་རྒྱུར་དགའ་པོ་ཡོད་ཅིང་། ཁོང་རང་ཉིད་ཀྱིས་ཀྱང་རྩོམ་ཡིག་བྲིས་ནས་བསྐུར་རྒྱུའི་བསམ་བློ་འཁོར་ཏེ། ཐོག་མར་གསར་འགྱུར་འཕྲིན་རྩོམ་འགའ་རེ་བོད་ལྗོངས་ཉིན་རེའི་ཚགས་པར་ལ་ལན་འགའ་བསྐུར་བས། 1998ལོའི་དགུན་ཁར་གསར་འགྱུར་འཕྲིན་རྩོམ་ཐུང་ཐུང་ཞིག་ཐོག་མར་འཁོད་ཐུབ་པ་ནས་བཟུང་གསར་རྩོམ་གྱི་ལམ་བུར་ཞུགས། གསར་འགོད་པས། ཁོང་གིས་ཐུན་མོང་མ་ཡིན་པའི་ཁོར་ཡུག་ལས་བརྒལ་ནས་རྩོམ་འབྲིའི་ལས་ལ་ཞུགས་པར་ཡ་མཚན་ཆེ་ཚུལ་གླེང་སྐབས། གུས་པ་དགོན་པའི་ནང་ནས་དེང་རབས་རྩོམ་རིག་གི་གསར་རྩོམ་ལ་ཞུགས་པ་ནི་བསམ་བློ་གུ་ཡངས་ཤིང་། རྩོམ་རིག་མྱོང་རོལ་གྱི་ཁོར་ཡུག་ལེགས་པའི་དགོན་པ་ཡིས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཅེས་བརྗོད།

    དགོན་པའི་འཆད་ཉན་ལྡུམ་ར་ནས། གསོ་རིག་རྒྱ་མཚོར་གྲུ་ཁ་བསྒྱུར།

    རྗེས་སུ་ཀརྨ་ཀུན་ཁྱབ་དགོན་པའི་ཨེན་ཆུང་ཞིག་ནས་རིམ་གྱིས་བོད་ལུགས་གསོ་རིག་སྦྱོང་མཁན་སློབ་མ་ཞིག་ཏུ་གྱུར་པ་དང་། ཡང་བསྐྱར་ལས་གནས་གཞན་དུ་བསྒྱུར་བ་སོགས་གཞོན་ནུའི་དུས་ཀྱི་ལོ་འགའི་ནང་སེམས་རྣལ་དུ་ཕབ་དཀའ་བའི་ལས་ཀའི་འཕོ་འགྱུར་མང་ཙམ་བྱུང་བའི་སྐོར་གླེང་སྐབས་ཁོང་གིས་དགོད་བཞིན་དུ། བོད་ཀྱི་གཏམ་དཔེར། གྲྭ་པ་བྱས་ནས་བྱེད་རིན་བྱེད་ཚད་དང་། མི་སྐྱ་བྱས་ནས་བྱེད་རིན་བྱེད་ཚད་ཅེས་པ་དེ་ང་ལ་བྱུང་ཞེས་གསུངས་ཀྱི་འདུག དེའང་2000ལོར་ཤན་རྩ་རྫོང་གིས་བོད་ལུགས་གསོ་རིག་སྦྱོང་བརྡར་འཛིན་གྲྭ་ཞིག་གཉེར་ཕྱིར། དེ་གའི་སློབ་འབྲིང་ཐོན་པའི་སློབ་མ་བདུན་ཅུ་དང་མཉམ་དུ་དགོན་པའི་གྲྭ་བཙུན་ཡང་བོད་སྨན་སྦྱོང་བརྡར་གྱི་སློབ་མ་བསྡུ་བའི་ཡིག་རྒྱུགས་ལ་ཞུགས་ཆོག་པའི་བརྡ་ཐོ་འབྱོར་རྗེས། ཁོང་གིས་རང་ཉིད་ལྟ་བུར་ཁྱིམ་ཚང་གི་སློབ་གསོ་ཙམ་ལས་མ་ཐོབ་ཀྱང་ཐེ་ཚོམ་མེད་པར་ལོ་དགུ་ཧྲིལ་པོ་སློབ་གྲྭ་ཆུང་འབྲིང་འགྲིམས་པའི་སློབ་མའི་གྲལ་དུ་ཡིག་ཚད་གཏོང་བར་ཞུགས།

    སློབ་མ་བདུན་ཅུ་ཙམ་གྱིས་བོད་ལུགས་གསོ་རིག་སྦྱོང་བརྡར་འཛིན་གྲྭར་ཞུགས་རྒྱུའི་ཡིག་ཚད་དེ་ནི་རྫོང་དེར་གཏོང་ཐེངས་དང་པོ་ཡིན་ལ། ཡིག་རྒྱུགས་དེ་ལྟ་བུར་དགོན་པའི་གྲྭ་བཙུན་ཞུགས་པའང་ཐེངས་དང་པོ་ཙམ་ཡིན་པས། ཡིག་ཚད་ཨང་དང་པོ་མ་ལོན་ཡང་ངེས་པར་དུ་སྐར་ཚད་ལོན་ཙམ་ཞིག་གཏོང་ཐུབ་པ་བྱ་རྒྱུ་དེ་ནི། དང་བླངས་ངང་ཞུགས་པའི་རང་ཉིད་ངོ་མ་སྨན་པ་ཞིག་བྱེད་རྒྱུ་དང་། དམག་ཁས་ལེན་དང་མདུང་སྐེད་པར་གཟེར་ཞེས་པ་ལྟར་དགོན་པ་ནས་གདེང་ཚོད་ཡོད་མདོག་གིས་ཡིག་རྒྱུགས་ལ་ཞུགས་པའི་དཔའ་རྟགས་ལེན་རྒྱུའི་བླང་བྱ་ཞིག་ཀྱང་ཡིན། ཁོང་གིས་ཉིན་མཚན་བལྟོས་མེད་ཀྱིས་བོད་ཡིག་རྨང་གཞིའི་ཤེས་བྱ་ཡོད་དོ་ཅོག་ནན་གྱིས་སྦྱངས་པར་བརྟེན། སློབ་མ་བདུན་ཅུ་ཙམ་གྱི་ཁྲོད་ནས་ཡིག་ཚད་ཨང་དང་པོ་བླངས་ཏེ་སྐབས་ཤིག་རིང་རྫོང་དེར་སློབ་གྲྭ་མ་འགྲིམས་པའི་ཨེན་ཆུང་ཞིག་གིས་རང་སྦྱོང་ལ་བརྟེན་ནས་ཡིག་རྒྱུགས་སྦྱངས་འབྲས་ཨང་དང་པོ་བླངས་པའི་སྐོར་སྐད་གྲགས་ཆོད་པར་གྱུར་ལ། གསོ་རིག་སྦྱོང་བརྡར་འཛིན་གྲྭར་ཞུགས་རིང་། ལོ་ལྟར་སློབ་འཇུག་ཡིག་རྒྱུགས་ཀྱི་ཨང་དང་པོ་ལེན་གྱི་ཡོད་ལ། སློབ་ཐོན་སྐབས་རྒྱུད་གསུམ་བློ་རྒྱུགས་དང་སྦྱངས་འབྲས་རྩེར་སོན་གྱི་དམིགས་བསལ་དཔང་ཡིག་ཐོབ་པ་སོགས་ཀུན་སྤྱོད་ལེགས་ལ་གསོ་རིག་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པའི་སློབ་མ་ཞིག་ཏུ་གྱུར། 2004ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་མུ་མཐུད《དཔལ་ལྡན་རྒྱུད་བཞི》ཡིས་གཙོ་བོ་བྱས་པའི་བོད་ལུགས་གསོ་རིག་གི་གཞུང་ལུགས་ལ་སྦྱངས་བརྩོན་ཧུར་ཐག་བྱས་ནས་ཟབ་སྦྱོང་ལོ་གཅིག་གྲུབ་རྗེས། སླར་ཡང་2005ལོར་དར་མའི་ཆེད་ལས་སློབ་ཆེན་ལ་ཡིག་རྒྱུགས་བཏང་སྟེ་ལོ་གསུམ་རིང་མུ་མཐུད་གསོ་རིག་གཞུང་ལུགས་སྦྱངས། 2008ལོར་སློབ་མཐར་ཕྱིན་ཏེ་ཆེད་ལས་སློབ་ཆེན་གྱི་ལག་ཁྱེར་ཐོབ། ཁོང་ལ་བོད་ལུགས་གསོ་རིག་སློབ་ཆེན་འགྲིམས་པའི་ལག་ཁྱེར་ཡོད་ལ། དོན་དངོས་སུའང་གསོ་དཔྱད་ལག་ལེན་བྱས་ཆོག་པའི་གདེང་ཚོད་ཡོད་མོད། དགོན་པར་ལོག་སྟེ་ཡོངས་གྲགས་ཀྱི་སྨན་ཁང་གཉེར་མ་ཐུབ།

    ལོ་ཤས་རིང་སྐོམ་པ་ཆུ་འདོད་པ་ལྟར་གྱིས་བོད་ལུགས་གསོ་རིག་ལ་སྦྱངས་ཀྱང་། ལག་ལེན་བྱེད་ཡུལ་ལེགས་པོ་ཞིག་མ་འཕྲད་པ་དེ་ནི། སྐབས་ཤིག་རིང་ཁོང་གི་ཡིད་རྣལ་དུ་མི་ཕབ་པའི་སེམས་ཆད་ཅིག་ཏུ་གྱུར། ཡིན་ནའང་ཁོང་གིས་རང་ཉིད་ནས་བར་གསེང་ཡོད་དོ་ཅོག་ལ་སྦྱངས་པའི་རྒྱའི་སྐད་ཡིག་གི་ཆུ་ཚད་ལ་ཚོད་བགམ་བྱེད་ཆེད་དང་། དངོས་གཞིའི་ལས་བཟོ་པ་ཞིག་ཏུ་འགྱུར་ཐུབ་རྒྱུར་དམིགས་ནས་2009ལོར་བློ་ཁོག་ཆེན་པོས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་ཡིག་ཚད་ལ་ཞུགས་པས། ཡིག་ཚད་ལོན་པ་མ་ཟད་འབྲེལ་ཡོད་ཚན་པས་འགྲོ་ལུགས་གཞིར་བཟུང་། ཤན་རྩ་རྫོང་བོད་སྨན་ཁང་དུ་ལས་བགོས་བྱས། སྨན་ཁང་དུ་ལས་དོན་སྒྲུབ་པར་སྐྱོད་ཐུབ་པ་དེ་ནི་རང་གཞན་གཉིས་ཕན་གྱི་བྱ་བ་ཞིག་ཡིན་ཡང་། དགོན་པས་ལོ་ཤས་རིང་དཔེ་ཆ་བལྟས་ཏེ་ཆོས་ལུགས་ཀྱི་ཤེས་ཡོན་གང་ཙམ་སྦྱངས་པ་དེ་འཕྲོ་བརླག་གཏོང་རུང་ངམ་ཞེས་བརྗོད་ཀྱང་། ཁོང་གིས་རང་ཉིད་ཀྱི་གདམ་ག་ཕྱི་མ་སྨན་པ་བྱེད་རྒྱུ་དེར་མོས་ཆེར་བགྱིད་དེ། རྫོང་བོད་སྨན་ཁང་དུ་སྨན་པའི་ལས་དོན་བསྒྲུབས།

    648019_yis_1564634048261_s.jpg

    ཞང་ཞུང་རིག་གནས་བགྲོ་གླེང་ཐོག་གཏམ་བཤད་སྤེལ་བཞིན་པ།

    གསར་རྩོམ་རླབས་སྒྲ་ཤུགས་ཆེ་བས། སྨན་པའི་བྱ་བར་གཡོ་སྒུལ་ཐེབས།

    ཤན་རྩ་རྫོང་བོད་ལུགས་སྨན་ཁང་དུ་སྨན་པ་བྱེད་རིང་། སྨན་པའི་ཁྲོད་དུ་ལས་ཐོག་གི་ཡོངས་ཁུངས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་ཁོངས་མི་ཡིན་པ་ནི་ཁོ་རང་གཅིག་པུ་ཙམ་ཡིན་ཞིང་། ཡོངས་ཁུངས་དེའི་ཐོབ་ཆ་དམན་ལ། མི་རྣམས་ཀྱིས་ཡོང་ཁུངས་དེར་ཅུང་ཟད་མཐོང་ཆུང་བྱེད་པའི་ཚུལ་དེ་ནི། ཡང་བསྐྱར་ཁོང་ལ་ཡོང་ཁུངས་བཟང་དུ་དང་ཐོབ་ཆ་ལེགས་སུ་གཏོང་རྒྱུར་འགྲན་སློང་བྱས་པ་ཞིག་ཏུ་གྱུར་ཏེ། དེ་ཡང་ཁོང་གི་ལོ་ཚོད་དེ་གཞུང་ལས་པའི་ཡིག་རྒྱུགས་ལ་ཞུགས་ཆོག་གི་ཡོད་པས། ཁོང་གིས་གོ་སྐབས་དེ་གཅེས་སུ་འཛིན་ནས་སླར་ཡང་གཞུང་ལས་པ་བསྡུ་བའི་ཡིག་ཚད་ལ་ཞུགས་ཏེ་བསམ་ཚོད་ལྟར་ཡིག་ཚད་ལོན་པ་མ་ཟད། སྔར་བཞིན་རྫོང་སྨན་ཁང་དུ་བོད་སྨན་ཨེམ་རྗེར་ལས་བགོས་བྱས་བྱུང་། ད་ནི་སྔོན་ཆད་དང་མི་འདྲ་བར་རང་ཉིད་གཞུང་ལས་པའི་ཐོབ་ཐང་གི་ཐོག་ནས་སྨན་པ་ཞིག་བྱེད་ཀྱི་ཡོད་པས། ནད་བརྟག་སྨན་དཔྱད་ཀྱི་ཕྱོགས་གང་ཅིར་འབད་བརྩོན་བྱས་ཏེ་དེ་ག་ནས་གྲུབ་འབྲས་ཐོབ་རྒྱུར་བརྩོན་པ་ལྷོད་མེད་བྱས། དེ་བཞིན་དུ་རང་ཉིད་ཀྱི་ཚེ་འདིའི་མོས་ཕྱོགས་སུ་གྱུར་པའི་རྩོམ་རིག་གསར་རྩོམ་ལའང་སྔར་བཞིན་ཤུགས་སྣོན་བརྒྱབ་པས་མ་ཚད། དུས་དེབ་དང་ཚགས་པར་སོགས་ཀྱི་ཐོག་བར་མཚམས་མེད་པར་རྩོམ་ཡིག་སྤེལ་བས། ཁོང་གི་བརྩམས་ཆོས་མང་པོ་ཞིག་ལ་ས་གནས་དེ་གའི་འབྲེལ་ཡོད་ཚན་པ་དང་ཆེད་ལས་མི་སྣས་དོ་སྣང་བྱུང་བ་སྟེ། དེའང་སྐབས་དེའི་ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་ཡིག་ཆ་རྩོམ་སྒྲིག་ཁང་གི་འགན་འཁུར་བས་ཁོང་དེ་གར་ལས་སྒྱུར་བྱ་རྒྱུའི་བླང་བྱ་བཏོན་པ་དང་ཕྱོགས་མཚུངས་ཤན་རྩ་རྫོང་གི་འབྲེལ་ཡོད་ཚན་པར་འབྲེལ་གཏུག་བྱས་པས་སླར་ཡང་ཁོང་རྫོང་སྨན་ཁང་ནས་ས་གནས་སྲིད་གྲོས་ལ་ལས་སྒྱུར་གྱིས་དེ་གའི་ལོ་རྒྱུས་ཡིག་ཆ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་བྱས། ཡིན་ནའང་ཁོང་གིས་བར་གསེང་དུ་ནད་པར་སྨན་བཅོས་ཀྱང་བྱས་ཏེ་རང་ཉིད་ཀྱིས་ལོ་མང་སྦྱངས་པའི་ཆེད་ལས་དེ་བློས་བཏང་མེད།

    ནག་ཆུ་སྲིད་གྲོས་ལོ་རྒྱུས་ཡིག་ཆ་རྩོམ་སྒྲིག་ཁང་དུ་སླེབས་པ་ནས་བཟུང་། ཁོང་གིས་ཡིག་ཚགས་ལེགས་སྒྲིག་གི་ལས་དོན་ལེགས་པར་སྒྲུབ་སྟེ། ད་བར་ལོ་དྲུག་ལྷག་ཙམ་རིང་རྒྱ་བོད་ཡིག་རིགས་གཉིས་ཀ་ཚུད་པའི་སྲིད་གྲོས་ཀྱི་དཔེ་ཚོགས་ཁག་བཅོ་བརྒྱད་ལེགས་གྲུབ་ཟིན་ཡོད་ཅིང་། དཔེ་དེབ་རྩོམ་སྒྲིག་གི་ལས་རིམ་རྙོག་འཛིང་ཆེ་བའི་ནང་ཁོང་གིས་ཧོད་རྒྱུག་སྤུ་ཙམ་མེད་པར་ཡིག་འབྲུ་རེ་རེ་བཞིན་ལ་འགན་ནན་པོ་འཁུར་ཏེ། ལས་རོགས་ཚོའི་ཁྲོད་ནས་གཙོ་འགན་གྱི་ནུས་པ་བཏོན་པར་བརྟེན། འབྲེལ་ཡོད་དབུ་ཁྲིད་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་སྨྱུག་འཛིན་པ་མང་པོ་ཞིག་གི་ཁྲོད་དུའང་ཀརྨ་ཀུན་ཁྱབ་གལ་ཆེའི་ལས་གནས་ཀྱི་ཐོག་བསྐྱོད་ཐུབ་པ་དེར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། སྲིད་གྲོས་ཀྱི་ལོ་རྒྱུས་ཡིག་ཆ་སོགས་རྩོམ་འབྲི་དང་རྩོམ་སྒྲིག་བྱེད་པའི་ལས་དོན་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་ཁོང་རང་ཉིད་ཀྱང་ཡི་རངས་བྱེད་ཀྱི་འདུག་མོད། འོན་ཏེ་བར་གསེང་དུ་བོད་ལུགས་གསོ་རིག་གི་སྐོར་གླེང་སྐབས། ཁོང་གིས་རང་ཉིད་ཀྱི་ཆེད་ལས་དེ་ཕལ་ཆེར་ཉམས་སོང་བར་གནོང་འགྱོད་ཡང་ཡང་བྱེད་ཀྱི་འདུག གསར་འགོད་པས་ཁོང་ལ་ལས་གནས་གང་ཞིག་ནས་གྲུབ་འབྲས་ཐོན་ཕྱིར། དེས་སྤྱི་ཚོགས་དང་མི་དམངས་ལ་ཕན་ཐོགས་བྱུང་བ་རེད་ཅེས་ཤོད་སྐབས། ཁོང་གིས་མགོ་གཡུག་རྒྱག་གིན། མ་གཞི་དེ་ག་རེད། ཡིན་ནའང་སྨན་བཅོས་ཀྱི་བྱ་བ་དེ་མིའི་རིགས་ཀྱི་སྐྱིད་སྡུག་ལ་ཕན་ཐོགས་ཆེ་ཤོས་ཤིག་རེད་ཅེས་མུ་མཐུད་ལས་ཞོར་དུ་ནད་པར་སྨན་བཅོས་བྱ་རྒྱུའི་འདོད་ཚུལ་བསྟན་གྱི་འདུག

    རྩོམ་འབྲིའི་ཆར་རྒྱུན་མ་བཅད་པའི། གསར་རྩོམ་འབྲས་བུ་གཡུར་དུ་ཟ།

    ལོ་རབས་དགུ་བཅུ་པའི་ནང་ཀརྨ་ཀུན་ཁྱབ་ཀྱིས་རང་སྦྱོང་ལ་བརྟེན་ནས་ཤེས་པའི་ཡི་གེ་ནས་རང་སྦྱོང་ལ་བརྟེན་ནས་རྩོམ་འབྲི་བྱེད་པའི་ལམ་དུ་ཞུགས། 1998ལོ་ནས་ཀརྨ་ཀུན་ཁྱབ་ཀྱིས་བོད་ལྗོངས་ཉིན་རེའི་ཚགས་པར་ལ་ཐོག་མར་གསར་འགྱུར་སྤེལ་འགོ་ཚུགས་པ་དེ་ནི་རྩོམ་འབྲིའི་གོམ་པ་དང་པོ་དེ་ཡིན་ཏེ། དེ་ཡང་གསར་འགྱུར་རྩོམ་ཡིག་སྣ་རེ་ཚགས་པར་ཐོག་འཁོད་རྗེས། ཁོང་གིས་ཚགས་པར་ལག་ཏུ་བླངས་ནས་རང་གིས་ཐོག་མར་བྲིས་པའི་མ་ཡིག་དང་བསྟུན་ནས། བརྗོད་དོན་འདྲེན་ལུགས་དང་བརྗོད་བྱེད་ཚིག་སྦྱོར་བྱེད་ཚུལ་སོགས་ཕྱོགས་གང་ཅིར་རྩོམ་སྒྲིག་པས་བཞུན་བརྡར་ཇི་ལྟར་བཏང་ཡོད་མེད་དཔྱད་པ་ཡང་དག་བྱེད་ཀྱི་ཡོད་ཅིང་། དེ་ནི་ཁོང་གི་རྩོམ་འབྲིའི་བྱང་ཚད་མཐོ་རུ་གཏོང་བའི་ཐབས་མཆོག་ཅིག་ཡིན་ལ། དེ་ནི་རང་སྦྱོང་ཁོ་ནར་བརྟེན་མཁན་ཞིག་གིས་ངག་མི་སྨྲ་བའི་དགེ་རྒན་བསྟེན་ཐབས་ཤིག་ཀྱང་རེད།

    རིམ་གྱིས《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་། 《སྤང་རྒྱན་མེ་ཏོག》《གངས་ལྗོངས་རིག་གནས》སོགས་དུས་དེབ་ཀྱི་ཐོག་ཏུའང་རྩོམ་རིག་བརྩམས་ཆོས་རྒྱུན་ཆགས་སུ་འཁོད་ཐུབ་པར་གྱུར་ལ། བརྩམས་ཆོས་ཀྱི་སྤུས་ཚད་བླང་བྱ་མཐོ་བའི་ལྗོངས་ཕྱིའི《སྦྲང་ཆར》དུས་དེབ་ཐོག་ཚིག་ལྷུག་བརྩམས་ཆོས་ཤིག་སྤེལ་ཏེ་རྩོམ་སྒྲིག་ཁང་དེའི་དགོས་མཁོ་མཆིས་མིན་བརྟག་པའི་ཚེ། དུས་གང་ཙམ་སོང་རྗེས་དུས་དེབ་ཐོག་བརྩམས་ཆོས་འགོད་རྒྱུ་ལས་ལྡོག་སྟེ། བརྩམས་ཆོས་དེར་བཟོ་བཅོས་རྒྱག་དགོས་པའི་སྐོར་དང་བཅས་ཏེ་རྩོམ་ཡིག་ཕྱིར་སློག་ཡོང་བས། ཁོང་གི་སེམས་ནང་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་དེས་ད་དུང་དུས་དེབ་ལ་མཁོ་བའི་རྩོམ་ཡིག་གི་མཐོ་ཚད་ལ་སྙེག་མི་ཐུབ་པ་གསལ་བཤད་བྱུང་བར་ངོས་འཛིན་གྱིས། བརྩམས་ཆོས་དེར་རྩོམ་སྒྲིག་ཁང་གི་བླང་བྱ་གཞིར་བཟུང་བཟོ་བཅོས་དང་། རང་ངོས་ནས་ཀྱང་སྣོན་འཕྲི་བྱེད་དགོས་ངེས་པ་ཁག་གཅིག་སྣོན་འཕྲི་བྱས་ཏེ་རྩོམ་གོ་ཆོད་པར་བྱས་ཡོད་པ་རེད། བླང་བྱ་མཐོ་བའི་རྩོམ་སྒྲིག་ཁང་གིས་རྩོམ་ཡིག་ཐེངས་དང་པོ་དེ་ཕྱིར་སློག་པ་དེས། ཁོང་ལ་རྩོམ་འབྲིའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ལྕག་ཆེན་པོ་བྱུང་བ་བརྒྱུད། དེ་རྗེས་བྲིས་པའི་རྩོམ་ཡིག་རྣམས་རིམ་གྱིས《སྦྲང་ཆར》དུས་དེབ་ཐོག་འཁོད་ཐུབ་པ་མ་ཚད། 2008ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གི་ལོ་ཟུང་ཕུལ་བྱུང་རྩོམ་རིག་དཔྱད་འདེམས་བྱེད་སྒོའི་ནང་ཁོང་གི་ལྷུག་རྩོམ《སྔོ་ཡི་བུ་མོ་སྤུན་བདུན་གྱི་སྨྲེ་སྔགས》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་དང་། 2011ལོར་བོད་ཀྱི་དུས་སྐབས་གསར་པའི་རྩོམ་རིག་བརྩམས་ཆོས་དཔྱད་འདེམས་ནང་ཁོང་གི་ལྷུག་རྩོམ་བརྩམས་ཆོས《འབྲོག་ཐང་གི་མགྱོགས་བྲིས》ཞེས་པར་ལོ་དེའི་དུས་སྐབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་རེད།

    2004ལོར་སྙན་རྩོམ་དང་ལྷུག་རྩོམ་འདྲེས་མ《ཡིད་མཚོའི་རྦ་རླབས》ཞེས་པ་དེ་ཐོག་མར་དཔེ་སྐྲུན་བྱས་ཤིང་། དེ་ནི་ཁོང་གིས་བརྩམས་ཆོས་སྣ་ཚོགས་དཔེ་སྐྲུན་བྱེད་པའི་འགོ་ཚུགས་པ་ཞིག་ཡིན་ཏེ། དེ་ནས་སྔ་རྗེས་སུ《ཤེལ་ཚྭ་རྫོང་གི་ལོ་རྒྱུས》དང་། 《བདེ་ཐང་རྒྱུན་ཤེས》 《འབྲོག་ལས་དཀར་ཆུའི་བསྟན་བཅོས》 《བྱང་ཐང་གི་བཞུར་རྒྱུན》 《འབྲི་མར་སེར་པོ》ཞེས་པ་སོགས་ཁྱོན་དེབ་བདུན་བྲིས་ཏེ་དཔེ་སྐྲུན་ཟིན་ཞིང་། དཔེ་དེབ་དེ་དག་སོ་སོའི་བརྗོད་དོན་ཐད་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས། རྒྱ་ཆེའི་ཀློག་པོ་པོའི་གདེང་འཇོག་ལེགས་པོ་ཐོབ་ཡོད་པ་རེད། 《བདེ་ཐང་གི་རྒྱུན་ཤེས》ཞེས་པའི་དཔེ་དེབ་དེ་རྩོམ་འབྲིའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། དེབ་དེ་ནི་གུས་པས་རྒྱ་ཆེའི་ཀློག་པ་པོར་དུས་ཐུང་ལོ་འགའི་རིང་སྨན་བཅོས་ལག་ལེན་ལ་ཞུགས་པ་དང་ཁྱད་པར་དུ་བོད་ལྗོངས་གསོ་རིག་སློབ་གླིང་དུ་ལོ་གསུམ་སློབ་སྦྱོང་བྱས་པའི་རྒྱུགས་ཤོག་ཕུལ་བ་ཙམ་ཡིན་ཞེས་གསུངས་བྱུང་། གཞན་ཡང་ཁོང་གིས་ལས་རོགས་གཞན་དང་མཉམ་དུ《བྱང་འབྲོག་ཤེས་རིག་དཔེ་ཚོགས》ཞེས་པ་དང་། 《ཤེལ་ཚྭའི་དམངས་སྲོལ་རིག་གནས་དཔེ་ཚོགས》 《ནག་ཆུ་སྲིད་གྲོས་ཀྱི་དཔེ་ཚོགས》སོགས་དཔེ་དེབ་བཞི་བཅུར་ཉེ་བ་དཔེ་སྐྲུན་བྱེད་པའི་ནང་རྐང་འཛིན་གྱི་ནུས་པ་བཏོན་ཡོད་པ་རེད།

    648020_yis_1564634048741_s.jpg

    དཔེ་ཁང་དུ་དཔྱད་གཞིའི་ཡིག་ཆ་འཚོལ་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།