[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • དེ་སྔོན་གྱི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མ་ནས་ད་ལྟའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་གི་བར།

    —— བློ་གྲོས་རབ་བརྟན་གྱི་ལས་གཏོད་གཏམ་རྒྱུད་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    རི་བོ་ཆེ་རྫོང་ཨ་ནུ་ཚང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་སྣོན་བཟོ་ཁང་ནང་སྐྱོད་སྐབས་ཕོ་གཞོན་ཞིག་གིས་ལྡིར་ལྡིར་དུ་གྲགས་པའི་འཕྲུལ་འཁོར་གྱི་སྒྲའི་ཁྲོད་ལུས་ཐོག་གི་ཐལ་རྡུལ་རྡབ་རྡབ་བྱས་རྗེས་གསར་འགོད་པ་དང་བཅས་པར་ལག་པ་བཏང་ནས་འཚམས་འདྲི་བྱས་བྱུང་། ཁོང་ནི་ཨ་ནུ་ཚང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་བློ་གྲོས་རབ་བརྟན་ཡིན། དེ་སྔོན་ཁོང་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཟམ་ཁ་ཤང་འབྲུག་ཐོག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མ་ཞིག་ཡིན། 

    ཁོང་དང་གླེང་མོལ་བྱེད་སྐབས་བློ་གྲོས་རབ་བརྟན་ནི་སེམས་རྩ་འཁོལ་ཞིང་གཤིས་འཇམ་གཞུང་དྲང་ཞིག་ཡིན་པའི་བག་ཆགས་སྤྲད་བྱུང་། “ང་ནི་སྡོད་ཚུགས་མེད་པའི་མི་ཞིག་ཡིན་པས་གཏན་འཇགས་འགྱུར་མེད་ཀྱི་འཚོ་བ་སྐྱེལ་འདོད་མི་འདུག དེར་བརྟེན་ངས་གཞུང་ཞབས་པར་རྒྱུགས་བཏང་མེད། སློབ་ཆེན་གྱི་ལོ་རིམ་གཉིས་པ་འགྲིམ་སྐབས་རྒྱལ་ཁབ་ཀྱིས‘དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད’ཅེས་པའི་སྲིད་ཇུས་བཏོན་པ་དང་སློབ་གྲྭ་ཐོན་རྗེས་བྱ་གཞག་གཅིག་གཏོད་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བློ་གྲོས་རབ་བརྟན་གྱིས་རང་ཉིད་ཀྱི་ལས་གཏོད་བསམ་ཚུལ་གླེང་སྐབས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད་བྱུང་། 

    རང་ཉིད་ཀྱི་ལས་གཏོད་ཕུགས་བསམ་དོན་གཉེར་བྱས་ནས་ཕ་ཡུལ་གྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་གཏོང་ཆེད། 2017ལོའི་ཟླ་བདུན་པར་ཅི་ནན་སློབ་ཆེན་ནས་ཐོན་པའི་བློ་གྲོས་རབ་བརྟན་དང་ལོ་དེ་གར་ལྷོ་ནུབ་ཚན་རྩལ་སློབ་ཆེན་ནས་ཐོན་པའི་གཅེན་པོ་པད་མ་འཇིགས་མེད་དབར་བསམ་གྲོས་གཅིག་མཐུན་བྱུང་ནས་ལས་གཏོད་དོན་དག་གྲ་སྒྲིག་བྱེད་འགོ་ཚུགས། 

    ཇི་ལྟར་བྱས་ནས་ལས་གཏོད་བྱེད་པའི་ཐད་བློ་གྲོས་རབ་བརྟན་དང་པད་མ་འཇིགས་མེད་ཀྱིས་གྲོས་བསྡུར་ཐེངས་མང་བྱས་རྗེས་མཐར་ཆབ་མདོའི་སྣོད་བཅུད་ཁོར་ཡུག་བཟང་པོ་དང་གནམ་གཤིས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་བཟའ་བཅའ་ལས་སྣོན་ཐོན་སྐྱེད་ཀྱི་སྦྲེལ་ཐག་བཙུགས་ཏེ་ས་མཐོའི་སྲན་ལྗང་དང་། ས་མཐོའི་གྲོ་མ། ས་མཐོའི་མགྱོགས་ཟས(རྩམ་པ)ནས་ནག་བཟའ་བཅའ་སོགས་ས་མཐོའི་ཁྱད་ལྡན་བཟའ་བཅའ་རབ་དང་རིམ་པ་ལས་སྣོན་བྱེད་པ་དང་ཆབས་ཅིག“མཉམ་ལས་ཁང+ཞིང་དུད+བཟའ་བཅའ་ཀུང་སི”བཅས་ཐོན་ལས་ཅན་གྱི་རྣམ་པ་གཞིར་བཟུང་ཚོང་གཉེར་བྱ་རྒྱུའི་ཐག་བཅད་པ་རེད། དེ་གོང་ཛ་དྲག་ལ་ཆ་ཚང་བའི་གྲ་སྒྲིག་བྱས་པ་བརྒྱུད་2017ལོའི་ལོ་སྨད་དུ་ཨ་ནུ་ཚང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད། 

    མཉམ་ལས་ཁང་བཙུགས་ཚུན། ཨ་ནུ་ཚང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལས་འགན་ཕྲག་ཏུ་ཁུར་བས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ཁག་གི་ཁས་ལེན་གང་ལེགས་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། མིག་སྔའི་བར་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི་160བཏང་ནས་སྨི་ངོས་གྲུ་600ཟིན་པའི་བཟོ་ཁང་དང་ལས་སྒྲུབ་བྱ་ཡུལ་བསྐྲུན་པ་དང་། ནས་ནག་མུའུ་532བཏབ་པ། འདེབས་འཛུགས་དྲོད་ཁང་མུའུ6བསྐྲུན་པ། ས་གནས་དེ་གའི་འདེབས་འཛུགས་དུད་ཚང་84ཡི་མང་ཚོགས་དབུལ་པོ་473གྱི་འབབ་འཕར་ལ་སྣེ་ཁྲིད་དེ་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་5000ཡན་བྱུང་ཡོད། 

    “ལོ་ཤས་གོང་ངའི་བཟའ་ཟླར་ནད་གཞི་ཕོག་ནས་ཚེ་ལས་འདས་སོང་། ཕྲུ་གུ་3སྐྱོང་རྒྱུ་ཡོད་ཁར་ངའི་གཟུགས་པོའང་ཐང་པོ་མེད་པས་འཚོ་བར་དཀའ་ངལ་ཆེན་པོ་ཕྲད་བྱུང་། ད་ཆ་ང་ཨ་ནུ་ཚང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འདེབས་འཛུགས་དུད་ཚང་གི་གྲས་ཤིག་བྱས་རྗེས་ཆེད་མངགས་ནས་ནག་བཏབ་ནས་དེ་གོང་དང་བསྡུར་ན་རྒྱ་མ་རེ་ནས་སྒོར་20ལྷག་ཙམ་གྱིས་མང་བ་འདུག་ལ་ལོར་ཡོང་འབབ་ཀྱང་སྒོར་6000ལྷག་ཙམ་འདུག ”ཅེས་ལོ་45ལ་སླེབས་པའི་བཀྲ་ཤིས་སྒྲོལ་མས་འཚོ་བར་རེ་བས་ཁེངས་བཞིན་དུ་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།