[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ང་ནི་བཟའ་ཟླའི་ལག་པ་ཡིན།

    —— རང་སྐྱོང་ལྗོངས་ཀྱི་རྒན་བཀུར་གཉེན་སྐྱོང་གི་དཔེ་བཟང་བ་གཡང་འཛོམས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    “གཡང་འཛོམས། ཤན་པིན་ལ་གློག་འཁྱུད་ནས་དྲན་པ་འཐོར་ཏེ་སྨན་ཁང་དུ་སྐྱེལ་བཞིན་ཡོད་པས་ཁྱེད་མགྱོགས་པོ་ཤོག”ཅེས་པའི་ཁ་པར་འབྱོར་བ་དེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་འོལ་ཁ་གློག་འདོན་ཀུང་སིའི་ལས་བཟོ་གཡང་འཛོམས་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་བྱུང་བ་རེད། 

    ལོ་20ལྷག་ཙམ་གོང་གཡང་འཛོམས་དང་ཁོང་གི་ལས་རོགས་དབྱང་ཤན་པིན་གཉེན་སྒྲིག་བྱས་ནས་ཁོང་ཚོ་རང་ཉིད་ལ་དབང་བའི་ཁྱིམ་ཚང་ཆུང་ཆུང་ཞིག་བཙུགས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས། ཡིན་ནའང་བསམ་ཡུལ་ལས་འདས་པར་1999ལོའི་ཉིན་ཞིག་དབྱང་ཤན་པིན་གྱིས་ལས་དོན་སྒྲུབ་སྐབས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་གློག་འཁྱུད།

    སྨན་ཁང་དུ་འབྱོར་སྐབས་རང་ཉིད་ཀྱི་བཟའ་ཟླ་ནད་ཁྲིའི་ཐོག་འགུལ་ཙམ་ཡང་བྱ་རྒྱུ་མེད་པར། ལག་གཉིས་ཐུར་དུ་དཔྱངས་ནས་ལུས་པའི་གནས་ཚུལ་དེ་མཐོང་སྐབས་གཡང་འཛོམས་ས་ལ་འགྱེལ་ཏེ་ལུས་པོ་ཡོངས་ལ་གྲང་ཤུར་བརྒྱབ་ནས་རང་དབང་མེད་པར་མིག་ཆུ་ཤོར། 

    སེམས་སྡུག་ཆེན་པོ་བྱུང་སྐབས་སྨན་པས་ནད་པའི་ནད་གཞི་ཧ་ཅང་ཚབས་ཆེ་བ་དང་ས་གནས་ཀྱི་སྨན་བཅོས་ཆ་རྐྱེན་ཞན་པར་བརྟེན་ངེས་པར་དུ་ནང་སའི་སྨན་ཁང་དུ་སྐྱེལ་དགོས་ཞེས་བརྗོད་པས་ཁོ་མོ་སླར་ཡང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་། ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་ཨ་མ་དང་གཅེན་པོའི་འགྲོ་རོགས་འོག་གཡང་འཛོམས་ཀྱིས་བཟའ་ཟླ་སི་ཁྲོན་ཧྭ་ཤིས་སྨན་ཁང་འཚིག་རྨས་ཚན་ཁག་ཏུ་མྱུར་སྐྱོབ་བྱེད་པར་ཁྲིད། དེ་རྗེས་ཀྱི་ཉིན་ཤས་རིང་ལྟ་ཞིབ་སྨན་བཅོས་བྱེད་སྐབས་དབྱང་ཤན་པིན་གྱི་དཔུང་པར་གཉན་ཁ་བརྒྱབ་ནས་རྨ་ཁ་ཆེ་རུ་ཕྱིན་ཏེ། ནད་གཞི་ལྕི་རུ་འགྲོ་བཞིན་ཡོད། སྲོག་སྐྱོབ་ཆེད་ངེས་པར་དུ་ལག་པ་གཉིས་གཅོད་དགོས་ཐུག འདི་ནི་སྨན་ཁང་གི་རིགས་གཅིག་མཁས་ཅན་ལྷན་འཛོམས་ནད་དཔྱད་བྱས་རྗེས་ཀྱི་མཇུག་སྡོམ་རེད། 

    གཤགས་བཅོས་བདེ་བླག་བྱུང་རྗེས་དབྱང་ཤན་པིན་འཕྲལ་མར་ICUནད་ལྕི་ལྟ་སྐྱོང་ཁང་དུ་བསྐྱལ་བ་རེད། དཀའ་ཚེགས་ཆེ་བའི་གཟའ་འཁོར་གཅིག་དེ་གཡང་འཛོམས་ཀྱི་ངོས་ནས་བརྗོད་ན། ཉི་མ་ལོ་ལས་རིང་བའི་དཔེ་ལྟར་རེད། ཉིན་ལྟར་ནད་ལྕི་ལྟ་སྐྱོང་ཁང་གི་སྒེའུ་ཁུང་ནས་རང་ཉིད་ཀྱི་བཟའ་ཟླར་ལྟ་བ་ལས་གཞན་མ་མཆིས། 

    གཟའ་འཁོར་གཅིག་སོང་རྗེས། སྨན་པས་རང་ཉིད་ཀྱི་བཟའ་ཟླ་ནད་ལྕི་ལྟ་སྐྱོང་ཁང་ནས་འཁྲིད་ཡོང་བ་མཐོང་སྐབས། གཡང་འཛོམས་ལ་ལུས་པོའི་ཡན་ལག་མ་ཚང་བའི་ཚོར་སྣང་ཟབ་མོ་བྱུང་ནས་སེམས་སྡུག་གིས་མནར་ཏེ་འགྱེལ་གྲབས་དང་སྦྲགས་དགའ་ངུ་ཡང་ཤོར། ལྟ་སྐྱོང་དང་གནད་དོན་གང་དག་ལ་དོ་སྣང་ཇི་ལྟར་བྱ་རྒྱུ་དེ་གཡང་འཛོམས་ཀྱི་མིག་མདུན་ལ་འཕྲད་པའི་གནད་དོན་ཞིག་རེད་། “ངས་ལྟ་སྐྱོང་ཇི་ལྟར་བྱེད་དགོས་པ་གཏན་ནས་མ་ཤེས་པས། ལྐོག་ཏུ་མིག་ཆུ་ཚད་མེད་གཏོང་བ་ལས་ཤན་པིན་གྱིས་མ་ཤེས་པ་བྱེད་ཀྱི་ཡོད། ཕྱིས་སུ་བསམ་བློ་གཏོང་སྐབས་ལྟ་སྐྱོང་བྱེད་མ་ཤེས་ན་སྦྱོང་རྒྱུ་ལས་མ་འདས། དེས་ན་རང་ཉིད་ཀྱིས་ངེས་པར་དུ་རིག་པ་སྒྲིམ་དགོས་སྙམ་བྱུང”ཞེས་བཤད། དེ་རྗེས་གཡང་འཛོམས་ཀྱིས་སྨན་པ་དང་ནད་སྐྱོང་བར་འཕུར་མཉེད་ཇི་ལྟར་གཏོང་དགོས་མིན་དང་ནད་པར་སེམས་གསོ་ཇི་ལྟར་གཏོང་བའི་སྐོར་སྐད་ཆ་དྲིས། 

    སྨན་ཁང་དུ་སྨན་བཅོས་བྱེད་པའི་ཟླ་3རིང་དབྱང་ཤན་པིན་ནད་ཁྲིར་ལུས་ནས་འབབ་ཐབས་བྲལ། རྨ་ཁར་གཉན་ཁ་མི་རྒྱག་པའི་ཆེད་གཡང་འཛོམས་ཀྱིས་ཉིན་ལྟར་སྨན་པར་གཞོགས་འདེགས་བྱས་ནས་རྣག་འཐེན་རོགས་དང་རྨ་རས་བརྗེ་རོགས་བྱེད་པ་མ་ཟད། ཅི་འཕྲོས་མོལ་འཕྲོས་ཀྱང་ཤོད་རོགས་བྱེད་ཀྱི་ཡོད། 

    ཡུན་རིང་མ་སོང་བར་བཟའ་ཟླ་འགྲོ་སྐྱོད་ཐུབ་མོད། ཡིན་ནའང་ལག་པ་གཉིས་བཅད་རྗེས་ལུས་པོ་དོ་སྙོམས་དཀའ། བཟའ་ཟླའི་ལུས་པོ་དོ་སྙོམས་ཡོང་ཆེད། གཡང་འཛོམས་ཀྱིས་བཟའ་ཟླའི་སྐེད་པ་ནས་བཟུང་སྟེ་གོམ་པ་རེ་རེ་བྱས་ནས་ཁྲིད། འདི་ལྟར་སྨན་ཁང་གི་བར་ཁྱམས་སུ་འགྲོ་འོང་སྦྱོང་བརྡར་གྲངས་ལས་འདས་པ་བྱས། 

    སྨན་ཁང་གིས་ནད་གཞིའི་གནས་ཚུལ་ལ་གཞིགས་ནས་དབྱང་ཤན་པིན་ལ་ཆེད་མངགས་མི་སྒེར་གྱིས་དོ་སྣང་བྱེད་དགོས་པའི་ཚལ་ཐོ་བཟོས་ཡོད། བཟའ་ཟླས་ཚལ་ཐོའི་ཐོག་གི་བཟའ་བཅའ་སོས་པ་བཟའ་ཐུབ་ཆེད། གཡང་འཛོམས་ཀྱིས་ཞོགས་སྔ་ལངས་ཀྱིས་ཆ་རྒྱུས་མེད་པའི་ཁྲེང་ཏུའི་གང་སར་དེ་དག་ཉོ་བར་སྐྱོད་ཀྱི་ཡོད། ཉོས་ཟིན་རྗེས་སླར་ཡང་བྲེལ་བྲེལ་འཚུབ་འཚུབ་ངང་ཕྱིར་ལོག་ནས་བཟའ་ཟླར་ལྟོ་བཟོས་ཏེ་སྟེར་གྱི་ཡོད། 

    གཡང་འཛོམས་ཀྱི་ངོས་ནས་བརྗོད་ན་བག་ཆགས་ཟབ་ཤོས་ནི་ཐེངས་ཤིག་སྐས་ཀ་ནས་འབབ་སྐབས་བཟའ་ཟླས་ཡིད་གཟབ་མ་བྱས་པའི་རྐྱེན་གྱིས་རིལ་བ་རེད། སྐབས་དེ་དུས་གཡང་འཛོམས་ཞེད་ནས་སྐད་ངན་ཤོར་ཏེ་ག་བྱེད་འདི་བྱེད་མེད་པར་གྱུར། “བཟའ་ཟླ་ཧ་ཅང་ལྕི་བས་ང་མི་གཅིག་གིས་འགྱོགས་ཐབས་བྲལ་བས་ཉེ་འཁོར་གྱི་མི་རྣམས་ཀྱིས་ང་ལ་རོགས་པ་བྱས་ནས་སྨན་ཁང་དུ་སྐྱེལ་རོགས་བྱས་བྱུང”ཞེས་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་གཡང་འཛོམས་ཀྱི་མིག་གཉིས་མཆི་ཞག་གིས་བརླན། 

    བཟའ་ཟླར་རོགས་པ་བྱས་ནས་ཁྲེང་ཏུར་སྨན་བཅོས་བྱེད་རིང་། གཡང་འཛོམས་ཀྱིས་རྟག་ཏུ་ལོ་གཅིག་ལྷག་ཙམ་ལ་སོན་པའི་བུ་ལ་ཁ་པར་བརྒྱབ་ནས་བཟའ་ཟླར་བུའི་སྐད་ཆ་ཉན་དུ་བཅུག་སྟེ་སེམས་ཤུགས་འཕེལ་བར་བྱེད་ཀྱི་ཡོད། གཡང་འཛོམས་ཀྱིས་རྟག་ཏུ་བཟའ་ཟླར“ཁྱིམ་མི་གསུམ་པོ་ལས་གཅིག་ཀྱང་ཉུང་མི་རུང་། ཁྱེད་རང་ཡོད་ན་ང་ཚོའི་ཁྱིམ་ཚང་གཞི་ནས་ཆ་ཚང་བར་འགྱུར་གྱི་རེད”ཅེས་བརྗོད་ཀྱི་ཡོད། 

    དུས་ཚོད་ནི་བྱ་འཕུར་བ་བཞིན་འཁྱུག་ཙམ་ཞིག་ལ་ལོ་20འདས། ལོ་20ཡི་རིང་གཡང་འཛོམས་ཀྱིས་ལྐོག་ཏུ་མིག་ཆུ་ཚད་མེད་གཏོང་བཞིན་བཟའ་ཟླའི་ལྟ་རྟོག་ལ་འཐུས་ཤོར་གཏན་ནས་མི་ཤོར་བ་བྱས་ཡོད། “ལོ་20འདས་ཟིན་པ་དང་ང་གཉིས་ཀྱང་ཕན་ཚུན་གོམས་ཟིན། ད་ཆ་ང་ཤན་པིན་གྱི་ལག་པ་ཡིན། དཀའ་ངལ་ཆེ་ཤོས་ཀྱི་ལོ་ཟླ་འདས་ཟིན་པ་དང་ཕྱི་ཉིན་སྔར་བས་ལེགས་པ་ཡོང་སྲིད”ཅེས་གཡང་འཛོམས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།