[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ས་མཐོའི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་བྱེད་མཁན་བསྟན་འཛིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཡར་ཀླུང་གཙང་པོའི་དབུས་རྒྱུད་གྲོག་རོང་ཁུལ་དུ་གནས་པའི་ལྷུན་གྲུབ་རྫོང་ལ“འབྲུ་རིགས་ཀྱི་བང་མཛོད”ཅེས་བརྗོད་ཀྱི་ཡོད་ལ་ལྷུན་གྲུབ་རྫོང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩ་ཆེ་ལ་དཀོན་པའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱ་ཡུལ་རེད།

    ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་མཁར་གདོང་གྲོང་ཚོར་གསར་འགོད་པར་ལོ་དྲུག་ཅུ་ཙམ་ལ་སླེབས་པའི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་བྱེད་མཁན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་ཞིབ་པ་བསྟན་འཛིན་ཕྲད་བྱུང་།

    བསྟན་འཛིན་གྱིས་གསར་འགོད་པར་ཁོང་གི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་དེ་ཟླ་བ་གཅིག་གི་སྔོན་དུ་ས་ཐག་དེ་བས་རིང་བའི་བྱང་རྩྭ་ཐང་དུ་འཕུར་སོང་ཞེས་བཤད།

    2015ལོར་བསྟན་འཛིན་ལྷུན་གྲུབ་རྫོང་ནགས་ལས་ཅུས་ཀྱིས་སྐོར་ཞིབ་པར་གདན་དྲངས་པ་ནས་སྐོར་ཞིབ་ཁུལ་གྱི་བདག་ཏུ་མ་བཟུང་བའི་བྱ་རིགས་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་གྱུར་ཡོད། ལས་ཀ་དེར་བསྟན་འཛིན་གྱིས་སེམས་གཏིང་ནས་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས“ཁྲུང་ཁྲུང་སྐེ་ནག་ངའི་ནང་མི་དང་གཅིག་པ་ཡིན། ང་ཁྲུང་ཁྲུང་ལ་དགའ་པོ་ཡོད། ངས་ཁྲུང་ཁྲུང་སྲུང་སྐྱོབ་བྱེད་པ་དང་ཁྲུང་ཁྲུང་འདི་གར་སྡོད་རིང་བདེ་འཇགས་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་འདོད་ཡོད”ཅེས་བཤད།

    ལོ་ལྟར་གྱི་ཟླ་10པའི་ཟླ་མཇུག་ནས་སང་ལོའི་ཟླ་3པ་བར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱང་ཐང་གི་ས་མཐོ་ནས་ལྷ་སའི་སྐྱིད་ཆུའི་ངོགས་དང་ལྷུན་གྲུབ་རྫོང་གི་འཕན་པོའི་གཙང་པོ་རྒྱུག་ཁུལ་འདམ་རར་དགུན་སྒྲོལ་བྱེད་རིང་སྐོར་ཞིབ་བ་བསྟན་འཛིན་ལས་བྲེལ་ཆེ་ཤོས་ཀྱི་དུས་ཚོད་རེད།

    བསྟན་འཛིན་གྱིས་སྐོར་ཞིབ་བྱེད་རིང་། སྔ་རྗེས་སུ་རྨས་སྐྱོན་ཚབས་ཆེན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་4བསྐྱབས་པ་དང་སྨན་བཅོས་དུས་ཡུན་རིང་ཤོས་འགོར་བའི་ཁྲུང་ཁྲུང་སྐེ་ནག་གཅིག་ཁོང་གི་ཁྱིམ་དུ་ཟླ་བ་8ཉར་བ་རེད། རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་འཕྲད་རིམ་བཞིན་ཁོང་གིས་འཕྲལ་མར་རང་ཁྱིམ་དུ་ཁྲིད་དེ་ཁྱིམ་གྱི་སྡོད་ཁང་ཡག་ཤོས་དེར་ནད་གསོ་རུ་འཇུག་གི་ཡོད་པ་དང་། ནགས་ལས་ཅུས་ཀྱིས་སྤྲད་པའི་སྨན་བཅོས་ཁུག་མ་ཁ་ཕྱེ་ནས་ཁྲུང་ཁྲུང་སྐེ་ནག་གི་རྨ་ཁར་སྨན་བཅོས་བྱེད་ཀྱི་ཡོད། བསྟན་འཛིན་གྱི་ཤུགས་རྐྱེན་འོག་ཁོང་ཁྱིམ་གྱི་ནང་མི་བཞི་པོ་ཚང་མ་ལས་ཀ་དེར་ཞུགས་ཡོད་པ་རེད།

    ཁྲུང་ཁྲུང་སྐེ་ནག་གྲོ་ཟ་རྒྱུར་དགའ་བས་དགུན་ཁ་སླེབས་རིམ་བཞིན་ལྷུན་གྲུབ་རྫོང་ནགས་ལས་ཅུས་ཀྱིས་སྲུང་སྐྱོབ་བ་ཚང་མར་གྲོ་རྒྱ་མ་1000རེ་སྤྲོད་ཀྱི་ཡོད། ཉིན་ལྟར་གྲོ་རྒྱ་མ་50ཙམ་གཏོར་དགོས་ཀྱི་ཡོད་པས། གྲོ་མ་འདང་ཚེ་སླར་ཡང་ལེན་ཆོག་ཅེས་བསྟན་འཛིན་གྱིས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ལྷུན་གྲུབ་རྫོང་ནགས་ལས་ཅུས་ཀྱིས་བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྷུན་གྲུབ་དུམ་བུར་ཁྲུང་ཁྲུང་སྐེ་ནག་གི་ལྟོ་ཆས་བཟའ་ཡུལ་10བཙུགས་ཏེ། ཆེད་མི་མངགས་ནས་ལྟོ་ཆས་སྟེར་གྱི་ཡོད་པ་དང་སྐོར་ཞིབ་བ་རེར་ཟླ་རེར་གླ་ཕོགས་སྒོར་600སྤྲོད་ཀྱི་ཡོད།

    གྲངས་གཞི་ལས་མངོན་གསལ། བོད་ལྗོངས་མངའ་ཁོངས་སུ་ཁྱོན་ཁྲུང་ཁྲུང་སྐེ་ནག་8000ཙམ་ཡོད་པ་དེས་གོ་ལ་ཧྲིལ་པོའི་གྲངས་ཚད་ཀྱི་80%ཡན་བཟུང་གི་ཡོད་པ་མ་ཟད་རིམ་བཞིན་འཕར་བའི་རྣམ་པ་མངོན་བཞིན་ཡོད་པ་རེད། ལྷུན་གྲུབ་རྫོང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལོ་ལྟར་དགུན་སྒྲོལ་ལ་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་ཕུད་ད་དུང་ངང་སེར་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཁྱུ་དང་ཁྱུ་ཡོད།

    ཕྱོགས་གསུམ་རི་བོས་བསྐོར་བའི་འཕན་པོའི་གཙང་པོ་རྒྱུག་ཁུལ་དུ་དཔྱིད་དཔལ་བཞད་ལ་ཉེ་རུང་། བསྟན་འཛིན་གྱིས་སྟོན་ཁ་སླེབས་རྒྱུར་རེ་སྒུག་བྱེད་པ་ནི་ཁོང་གི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་བྱང་ཕྱོགས་ནས་བདེ་ཐང་ངང་དགུན་སྒྲོལ་དུ་ཡོང་གི་ཡོད་པས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།