[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ལོ་བརྒྱ་ལ་སོན་པའི་བགྲེས་སོང་གནམ་གང་བློ་བདེ་བག་ཕེབས་ཀྱི་འཚོ་བ་སྐྱེལ་བཞིན་མཆིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    ནགས་ན་སྟོང་ལོ་ཟིན་པའི་ལྗོན་ཤིང་རྙེད་དཀའ། སྲིད་ན་བརྒྱ་ལོ་སོན་པའི་བགྲེས་སོང་རྙེད་དཀའ་ཟེར་བ་ཇི་བཞིན། ང་ཚོའི་ངོས་ནས་བཤད་ན། སྤྱི་ལོ་1918ལོ་ནི་ཧ་ཅང་རྒྱང་ཐག་རིང་བའི་ལོ་ཞིག་རེད། སྐབས་དེའི་གནས་ཚུལ་མཐའ་དག་ལོ་རྒྱུས་ཀྱི་དེབ་ཐེར་ནང་ནས་མ་གཏོགས་ཤེས་མི་ཐུབ། ལོ་དེར། བགྲེས་སོང་གནམ་གང་སྟག་རྩེ་ཆུས་པད་ནག་གྲོང་ཚོར་སྐྱེས་པ་དང་། ད་ལོ་བགྲེས་སོང་གནམ་གང་ལོ་101ལ་སླེབས་ཀྱི་ཡོད། བགྲེས་སོང་ཁོང་མིག་རབ་རིབ་བྱེད་པ་དང་། རྣ་བས་ཅུང་མ་གོ་བ་མ་གཏོགས་གཟུགས་པོ་བདེ་ཞིང་། རིག་པ་གསལ་བ་དང་། ལྟོ་ཆས་ཀྱང་དུས་ཐོག་ཏུ་ཟ་ཐུབ་ཀྱི་ཡོད།

    བགྲེས་སོང་གནམ་གང་མི་ཚེ་གཅིག་གི་རིང་པད་ནག་གྲོང་ཚོའི་འབྲོག་ཁྱིམ་ཞིག་ཏུ་འཚོ་བ་སྐྱེལ་ཞིང་།  བགྲེས་སོང་ཁོང་དཀའ་སྡུག་དང་། བཀྲེས་ལྟོགས་མྱོང་ཡོད་ལ་བར་ཆད་ཀྱང་འཕྲད་མྱོང་ཡོད། མིག་སྔར་བགྲེས་སོང་གནམ་ཁང་རང་གི་བུ་མོ་རྒྱལ་མཚན་ནོར་ནོར་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། བུ་མོས་མུ་མཐུད་འབྲོག་ལས་ཀྱི་རྒྱུན་བསྐྱངས་ནས་འབྲི་དང་ར་ལུག་འཚོ་བཞིན་ཡོད།

    བགྲེས་སོང་གནམ་ཁང་དང་བུ་མོའི་སྡོད་ཁང་དུ་པང་གཅལ་བཏིང་ཡོད་པ་དང་། སྒྲོག་རྩེ་དང་ཐབ་ཆས་ཚང་མ་ཕྱི་བདར་གཙང་མ་བཏང་འདུག བུ་མོ་རྒྱལ་མཚན་ནོར་ནོར་གྱིས“རང་ཉིད་ཆུང་དུས་ནས་གཙང་སྦྲར་དགའ་པོ་ཡོད། དེ་ནི་ཨ་མས་སློབ་གསོ་ཡག་པོ་བརྒྱབ་པ་དང་འབྲེལ་བ་ཡོད་ཤས་ཆེ”ཞེས་བཤད་པ་དང་།  བུ་མོ་རྒྱལ་མཚན་ནོར་ནོར་གྱིས་མུ་མཐུད་ནས“བདག་གི་ཨ་མ་ལོ་80ལ་སླེབས་སྐབས་ཀྱང་རང་གིས་ལྕོགས་ཚོད་ཀྱི་ནང་ལས་མཐའ་དག་བྱེད་པ་དང་། ལོ་ཆུང་བའི་དུས་ལ་རི་ལ་ཕྱུགས་རིགས་འཚོ་བ་ཕུད་ནང་གི་འཁྲུ་འཁྲུ་བཤལ་བཤལ་བྱེད་པ་སོགས་དེ་བས་འཇོན་པོ་ཡོད། རང་ཉིད་ཀྱིས་ཨ་མའི་བྱེད་སྟངས་མིག་མཐོང་ལག་ཟིན་དུ་བྱུང་བས། ཨ་མས་ཁྱིམ་ཚང་ཇི་ལྟར་སྐྱོང་ལུགས་ཤེས་བྱུང ”ཞེས་བཤད།

    བགྲེས་སོང་གནམ་གང་ཚེ་རིང་ལོ་བརྒྱ་ཐུབ་པའི་མན་ངག་སྐོར་འདྲི་སྐབས། རྒྱལ་མཚན་ནོར་ནོར་གྱིས་ཟ་སྤྱོད་ཆོས་ཉིད་ལྡན་པ་དང་། གཞན་ལ་ཕན་སེམས་ཆེ་བ། བག་ཕེབས་ཀྱི་སེམས་ཁམས་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་ངོས་འཛིན་གྱི་ཡོད། བགྲེས་སོང་གནམ་གང་ཚེ་གང་སེམས་པ་བཟང་ཞིང་། གཞན་ལ་ཕན་པ་བསྒྲུབ་རྒྱུར་དགའ་བ། དོན་དག་ཕྲན་བུའི་ཆེད་དུ་རྩོད་པ་རྒྱག་གི་མེད་ལ། དོན་གང་གི་ཆེད་དུའང་ཁོང་ཁྲོ་ལངས་པ་སོགས་བྱེད་ཀྱི་མེད། རྒྱལ་མཚན་ནོར་ནོར་གྱིས“ངའི་ཨ་མ་སྤྱིའི་ཆ་ནས་དགོང་མོའི་ཆུ་ཚོད་བརྒྱད་པ་དགུ་པ་ཙམ་ལ་ཉལ་བ་དང་། ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ་ལངས་ཀྱི་ཡོད། སྤགས་དང་ཚོད་པའི་རིགས་བཟའ་རྒྱུར་དགའ་པོ་ཡོད། ཁོང་བརྙན་འཕྲིན་བལྟ་རྒྱུ་དགའ་པོ་མེད་པར། སྒོ་རའི་ནང་དུ་ཉི་མ་བསྲོས་ནས་བསྡད་རྒྱུར་དགའ་པོ་ཡོད། ང་རང་ཉིན་ལྟར་ཨ་མའི་འགྲམ་ལ་ཉལ་གྱི་ཡོད”ཅེས་བཤད།  

    བགྲེས་སོང་ཚེ་རིང་རྡོ་རྗེ་ད་ལོ་ལོ་68ལ་སླེབས་པ་དང་། ཁོང་ནི་གནམ་གང་གི་ཁྱོ་གའི་གཅུང་པོ་ཡིན་པ་དང་།  གནམ་གང་གི་ཁྱིམ་མཚེས་ཀྱང་ཡིན་པ་རེད། རྒྱལ་མཚན་ནོར་ནོར་ལས་ཀ་མང་བའི་དུས་དང་ཕྱུགས་འཚོ་བའི་སྐབས་ལ། བགྲེས་སོང་ཚེ་རིང་རྡོ་རྗེས་བགྲེས་སོང་གནམ་གང་དང་ཅི་འཕྲོས་མོལ་འཕྲོས་བྱེད་པར་ཡོང་གི་ཡོད། ཚེ་རིང་རྡོ་རྗེས“སྔོན་ཆད་གནམ་གང་སྐད་ཆ་བཤད་རྒྱུར་དགའ་པོ་ཡོད། ད་ཆ་རྣ་བ་ཁྲོག་ཁྲོག་ཆགས་པས་ངས་སྐད་ཤུགས་ཆེན་པོས་ཤོད་པ་དང་། ཁོང་གིས་ཉན་ནས་སྡོད་ཀྱི་ཡོད། ད་ཆ་ང་གཉིས་ཕན་ཚུན་སྐད་ཆ་བཤད་ཀྱི་མེད་ལ་བརྙན་འཕྲིན་ཡང་ལྟ་ཡི་མེད། རང་དགར་ཉི་མ་བསྲོས་ནས་སྡོད་ཀྱི་ཡོད། རང་ཉིད་ལོ་ཆུང་བའི་སྐབས་སུ་ཕུ་བོའི་བཟའ་ཟླ་གནམ་གང་གིས་རང་ལ་རོགས་པ་མང་པོ་བྱེད་མྱོང་ཡོད། ཁོང་ནི་སེམས་རྩ་འཁོལ་ཞིང་སེམས་པ་བཟང་བའི་མི་ཞིག་རེད”ཅེས་བཤད།

    ད་ལོ་ལོ་46ལོ་སླེབས་པའི་རྒྱལ་མཚན་ནོར་ནོར་ནི་སྟག་རྩེ་ཁུལ་གྱི་ནགས་སྲུང་བ་ཞིག་ཡིན་པ་དང་། ལས་ཀ་ལྟོས་བཅས་ཀྱིས་ཉུང་བ་ཡོད་པས། ཨ་མར་ལྟ་རྟོག་བྱེད་ཞོར་དུ་ནོར་ལུག་ཁ་ཤས་གསོས་ཡོད། རྒྱལ་མཚན་ནོར་ནོར་གྱིས“ཨ་མ་ལོ་ཆུང་བའི་སྐབས་སུ་ལས་ཀ་ཤིན་ཏུ་འཇོན་ཞིང་། ནོར་ལུགས་འཚོ་སྐབས་ཨ་མས་ང་ཚོ་རིའི་རྩེར་ཁྲིད་ནས་སྦྲ་གུར་བཏབ་རོགས་བྱེད་ཀྱི་ཡོད”ཅེས་བཤད། འབྲོམ་ཁྱིམ་དུ་འཚར་ལོངས་བྱུང་བའི་གནམ་གང་དང་རྒྱལ་མཚན་ནོར་ནོར་ཕྱུགས་ཟོག་ལ་བརྩེ་བ་ཟབ་མོ་ཡོད་པས། ཁོ་ཚོའི་ཁྱིམ་གྱི་སྒོ་རའི་ཟུར་ཞིག་ཏུ་ཕྱུགས་ཚང་འབྲི་གཡག་ཁོ་ན་14གསོས་འདུག ཚེ་གང་ནོར་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་གནམ་གང་ལ་མཚོན་ན་ཁྱིམ་ལ་ནོར་ཡོད་པས་སེམས་ནང་གདེང་ཚོད་ཡོད་པ་དང་། འབྲི་གཡག་ལ་ལྟ་བཞིན་འཚོ་བ་སྐྱིད་པོ་ཡོད་པའི་ཚོར་བ་ཡོང་གི་ཡོད། ད་ཆ་ཁྱིམ་གྱི་ཕྱུགས་ཟོག་རྣམས་བུ་མོས་བདག་གཉེར་བྱེད་ཀྱི་ཡོད་པ་དང་། བུ་མོས་རྣམ་ཀུན་མར་བཙོངས་ནས་འཚོ་བ་ལ་ཁ་གསབ་ཡོང་ཐབས་བྱེད་ཀྱི་ཡོད་པ་དང་། ལོ་མཇུག་ཏུ་འཕེལ་ཀ་ཅུང་བཟང་ན་འབྲི་གཡག་གཅིག་ཙམ་འཚོང་གི་ཡོད།  

    སྟག་རྩེ་ཆུས་དམངས་སྲིད་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བ་རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན། ནགས་སྲུང་བར་ལོ་རེར་ལས་གནས་ཁ་གསབ་མ་དངུལ་སྒོར་4000ཡོད་པ་དང་། ཁོ་ཚོར་སྟག་རྩེ་ཁུལ་བདེ་སྐྱིད་གྲོང་གསར་དུ་རིན་མེད་ཀྱི་སྡོད་ཁང་ཡང་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། བགྲེས་སོང་གནམ་ཁང་དང་ཁོང་གི་བུ་མོ་སྲིད་གཞུང་གི་རོགས་རམ་འོག་སྟག་རྩེ་ཁུལ་ལ་གསར་དུ་བསྐྲུན་པའི་བདེ་སྐྱིད་གྲོང་གསར་དུ་སྤོས།  བགྲེས་སོང་ཁོང་སྔར་གྱི་འབྲོག་པའི་འཚོ་བ་ལ་གོམས་གཤིས་ཆགས་ཟིན་པས་བུ་མོ་དང་བགྲེས་སོང་ཁོང་པད་ནག་གྲོང་དུ་ཕར་སྤོས་ཀྱང་། བདེ་སྐྱིད་གྲོང་གསར་གྱི་ཁང་པ་རང་ཉིད་ཀྱིས་ཉར་བཞིན་མཆིས། འགན་འཁུར་བ་རྒྱ་མཚོས“དུས་ཆེན་ཆེ་གྲས་གསུམ་ཕུད་དུས་རྒྱུན་ཁོ་ཚོར་ལྟ་བར་ཡོང་གི་ཡོད། ཤང་དང་གྲོང་ཚོའི་ནང་གི་ལས་དོན་མི་སྣས་ཀྱང་རྟག་ཏུ་ཁོ་ཚོའི་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད།  བགྲེས་སོང་ཁོང་ན་ནིང་ལོ་100ལ་སོན་པས་ལོ་ལྟར་ལོ་སྨིན་ཕོགས་སྣོན་3600ཡོད་པ་དང་། སྨན་ཡོན་རྩིས་ཞུ་བྱེད་ཆོག་པའི་ཐོག་བུ་མོར་གླ་ཆ་ཡང་ཡོད་པས་བགྲེང་སོང་ཁོང་གི་འཚོ་བར་སེམས་ཁྲལ་གང་ཡང་མེད་”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།