[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • མེས་རྒྱལ་གྱི་མཐའ་མཚམས་སུ་ལང་ཚོའི་གཟི་བྱིན་འབར།

    འཛམ་གླིང་གི་ཡང་རྩེར་འབད་འཐབ་བྱེད་མཁན“ལོ་རབས་90པའི་ནང་སྐྱེས”ཀྱི་གཞོན་ནུའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-09

     འཛམ་གླིང་གི་ཡང་རྩེར་འབད་འཐབ་བྱེད་མཁན“ལོ་རབས་90པའི་ནང་སྐྱེས”ཀྱི་གཞོན་ནུའི་སྐོར་བཀོད་པ།ས་བབ་མཐོ་ཚད་ཆ་སྙོམས་སྨི་4000ལས་བརྒལ་བའི་གངས་ལྗོངས་ས་མཐོར“ལོ་རབས་90པའི་ནང་སྐྱེས”ཀྱི་གཞོན་ནུ་ཁག་གཅིག་ཡོད་ལ། ཁོང་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱས་ཏེ་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་འབད་འབུངས་ཡར་བརྩོན་གྱིས་མི་སྒེར་གྱི་ལས་དབང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱས་པ་མ་ཟད། གཞོན་ནུའི་སྐྱེ་སྟོབས་དང་དཔའ་ངར་ལ་བརྟེན་ཏེ་དུས་རབས་གསར་པའི་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་བའི་ལང་ཚོའི་བསྟོད་གླུ་བརྩམས་པ་རེད།

    གྲོང་ཚོར་བསྐྱོད་དེ་དོན་ཆུང་རེ་རེ་ནས་སྦྱོང་བརྡར་ཐེབས་པ།

    ལས་ཀ་བྱས་ནས་ལོ་ལྔ་སོང་བའི་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཁོའོ་ཡོན་ཡན་གོ་ཨན་གྱིས་རང་འགུལ་ངང་ས་བབ་མཐོ་ཚད་སྨི་4750ཡོད་པའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་རོང་གསེར་མདོ་གྲོང་ཚོར་གྲོང་སྡོད་བྱེད་རྒྱུའི་རེ་འདུན་ཞུས།

    1990ལོར་སྐྱེས་པའི་ཁོང་གིས་ལས་ཀར་ཞུགས་པ་ནས་བཟུང་། རྟག་ཏུ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཐོས་པས། དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་རང་ཉིད་ལ་སྦྱོང་བརྡར་བྱེད་རྒྱུའི་སེམས་ཐག་བཅད།

    གྲོང་ཚོར་བཅའ་སྡོད་བྱེད་རིང་གྲང་ངར་གྱིས་མནར་བའི་ཁོང་གིས་ཉིན་ནས་ཉིན་དང་ལོ་ནས་ལོ་ལ་དེ་གར་སྡོད་ཀྱི་ཡོད་པའི་གྲོང་མི་ཚོ་སེམས་ལ་འཁོར་བས། གྲོགས་ཚོགས་བརྒྱུད་བྱ་སྤུའི་གྱོན་གོས་སོགས་གཅེས་སེམས་དངོས་པོ་སློང་བསྡུ་བྱས་ནས་མང་ཚོགས་ཚོར་སྤྲད་པ་དང་། མང་ཚོགས་ཚོས་སྐྲ་བཞར་ཁག་པོ་ཡོད་པ་མཐོང་སྐབས། ཁོང་གིས་དྲ་རྒྱའི་ཐོག་ནས་སྐྲ་བཞར་ཡོ་བྱད་ཉོས་ཤིང་། བརྙན་ལམ་ནས་སྐྲ་བཞར་སྟངས་སྦྱངས་ཏེ་གྲོང་ཚོའི་ནང་གི“སྐྲ་བཞར་བར”གྱུར།

    གྲོང་ཚོའི་ནང་དུ་སློབ་ལོ་མ་ལོན་པའི་ཕྲུ་གུ་ཁག་གཅིག་ལ་ཕ་མ་བྲེལ་བ་ཆེ་བའི་སྐབས་སུ་ལྟ་རྟོག་བྱེད་མཁན་མེད་པ་ཤེས་སྐབས། ཁོང་གིས་ཕྲུ་གུ་ཚོ་རུབ་རུབ་བཟོས་ཏེ་རྒྱ་སྐད་ཀྱི་བྱིས་གླུ་སློབ་ཀྱི་ཡོད།

    ཡན་གོ་ཨན་གྱིས“རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་གཞན་ལ་དྲོ་སྐྱིད་སྦྱིན་ཐུབ་པས། བློ་བདེ་ལ་སེམས་པའང་སྐྱིད་པོ་འདུག”ཅེས་བཤད།

    ཉེན་ཁ་ཆེ་ཁུལ་དུ་བསྐྱོད་དེ་འཆི་གསོན་གྱི་ཉེན་ཚབས་ལས་དད་སེམས་བརྟན་དུ་ཕྱིན་པ།

    1995ལོར་སྐྱེས་པའི་ནགས་ཚལ་མེ་ཟོན་ཉིང་ཁྲི་རུ་འབྲིང་གི་རུ་མི་བློ་བཟང་དོན་གྲུབ་ཀྱིས་འཆི་གསོན་གྱི་ཉེན་ཁར་ཁ་གཏད་ཐེངས་མང་བཅག་ཅིང་། ཐེངས་ཤིག ཉིན་མཚན་བལྟོས་མེད་ངང་མེ་གསོད་ལས་འགན་ལེགས་སྒྲུབ་ཟིན་མ་ཐག་ངལ་དུབ་ཀྱིས་མནར་བའི་ཁོང་དང་འཐབ་འཛིང་པ་ཚོ་ཕྱིར་འཐེན་བྱེད་ལ་ཉེ་བའི་སྐབས་སུ། ལྷགས་ཕྱོགས་གློ་བུར་དུ་གྱུར་ནས་ཉེ་འཁོར་གྱི་ཤིང་སྐམ་པོ་མེས་འཚིགས་པ་དང་། ཁོག་སྟོང་དུ་གྱུར་པའི་ཤིང་སྡོང་ཁག་གཅིག་ལས་མེ་ལྕེ་དགུང་དུ་འཕྱུར། བློ་བཟང་དོན་གྲུབ་ཀྱིས་སྐབས་དེའི་གནས་ཚུལ་ལ་དྲན་གསོ་བྱེད་བཞིན“དེ་དུས་ང་ཚོ་རི་རྩེར་ཡོད། མེ་ཤུགས་ཆེ་བས་འཕྲལ་མར་མཐའ་ནས་སྐོར་བྱུང”ཞེས་བརྫོད།

    སྟབས་ལེགས་པ་ཞིག་ལ་ཁོང་ཚོ་དང་ཐག་ཉེ་ས་ཞིག་ཏུ་བྲག་རྡོ་ཆེན་པོ་ཞིག་ཡོད་པས་ཁོང་གིས་འཕྲལ་མར་ཨ་ཅོར་རློན་པ་ཞིག་གིས་ཁ་དང་སྣ་ཁུང་བཀག་ནས་བྲག་རྡོའི་རྒྱབ་ཏུ་གབ་མོད། འོན་ཀྱང་མེ་སྐྱོན་ཐོན་སར་སྐྱོད་མ་ཐག་པའི་དམག་གསར་ཁག་གཅིག་གློ་བུར་དུ་ཐོན་པའི་མེར་སྐྲག་སྣང་སྐྱེས་ཏེ་ལངས་སྡོད་པ་ལས་འགུལ་ཙམ་ཡང་བྱེད་མ་ཕོད།

    བློ་བཟང་དོན་གྲུབ་ཀྱིས་འཕྲལ་མར་ཁོང་ཚོ་རེ་རེ་བྱས་ཏེ་བྲག་རྡོའི་རྒྱབ་ཏུ་འཐེན།

    བློ་བཟང་དོན་གྲུབ་ཀྱིས“སྐབས་དེར་གཉེན་ཉེ་ཚོའི་གཟུགས་བརྙན་རེ་རེ་བཞིན་མིག་མདུན་དུ་འཆར་འོང་། ད་ཚར་སོང་སྙམ་བྱུང་། འོན་ཀྱང་རང་ཉིད་ནི་དམག་མི་རྒན་གྲས་ཡིན་པས་གཅེན་གཅུང་ཚོའི་བདེ་འཇགས་ཀྱི་འགན་འཁུར་དགོས་སྟབས་སྐབས་དེ་དུས་ངེས་པར་དུ་ཁོང་ཚོར་རྨས་སྐྱོན་མི་ཕོག་པར་བྱེད་དགོས”ཞེས་བཤད།

    ཆུ་ཚོད་གཉིས་གསུམ་ཙམ་ཁ་སྦུབ་ཏུ་ཉལ་རྗེས་མེ་ཤུགས་རིམ་གྱིས་ཆུང་དུ་ཕྱིན་སོང་། རི་ཐོག་ཏུ་སྐྱོད་སྐབས་ཀྱི་ལམ་དེ་དག་མེས་འཚིགས་ཟིན་པས་ཁོང་ཚོས་ཆུ་མདོང་གི་ཐག་པ་སྦྲེལ་ཏེ་རི་རྩེའི་ཤིང་སྡོང་ཐོག་བསྡམས་ནས་གཡང་གཟར་རྒྱུད་ཐག་པར་འཁྱུད་དེ་བབས་པ་རེད། བློ་བཟང་དོན་གྲུབ་ཀྱིས“རྡོ་ཚང་མ་མེས་འཚིགས་ནས་སོབ་སོབ་ཆགས་ཏེ་ང་ཚོ་འབབ་སྐབས་རྡོ་ཟམ་མི་ཆད་པར་ཟགས་ནས་བདེ་སྲུང་ཞྭ་མོའི་ཐོག་ཧྲག་སྒྲ་དང་བཅས་ཕོག་གི་འདུག་པས་ད་ལྟ་བསམ་བློ་གཏོང་དུས་ཀྱང་ཞེད་སྣང་སྐྱེ་གི་འདུག”ཅེས་བཤད།

    བློ་བཟང་དོན་གྲུབ་གྱིས་བློ་རྩ་བརྟན་པོའི་ངང“ངས་ལས་ཀ་འདི་བྱས་པ་ནི་དངུལ་དང་མིང་གི་ཆེད་དུ་མིན་པར་འགན་འཁྲིའི་ཆེད་དུ་ཡིན། ངས་མུ་མཐུད་ལས་ཀ་འདི་བྱེད་ཀྱི་ཡིན”ཞེས་བཤད།

    སེམས་སུ་ཟུག་ནས་ཐོག་མའི་བསམ་འདུན་ཡིད་ལ་བཅངས་པ།

    1991ལོར་སྐྱེས་པའི་ལི་ཅ་དབྱི་ལོ་གཉིས་ཀྱི་གོང་དུ“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་ཚོགས་པ་ཆེ་མོའི་ཁྲོད་ཀྱི་ཁོངས་མི་ཞིག་ཏུ་གྱུར།

    བོད་དུ་མ་ཡོང་གོང་། ལི་ཅ་དབྱི་ཡིས་པེ་ཅིང་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ཤང་ཧྲན་སློབ་གྲྭར་ས་ཁམས་ཀྱི་དགེ་རྒན་བྱེད་བཞིན་ཡོད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཐོག་མར་འབྱོར་སྐབས་ཁོང་ལ་སློབ་མ་ཚོ་དང་འབྲེལ་བ་ཡག་པོ་བྱེད་ཐུབ་ཨེ་ཡོང་སྙམ་པའི་སེམས་ཁྲལ་བྱུང་ཡོད་རུང་། ཕྲུ་གུ་ཚོའི་སེམས་རྩ་འཁོལ་བ་དང་མཛའ་གྲོགས་ལས་ཁོང་གི་དོགས་པ་ཡང་འཕྲལ་མར་ཡལ།

    ཐེངས་ཤིག བོད་སྐྱོར་དགེ་རྒན་ཚོས་སྤུས་ལེགས་སློབ་ཚན་ཞིག་འཚོག་རྒྱུའི་གྲ་སྒྲིག་བྱས། སློབ་ཚན་མ་འཚོག་གོང་ཁོང་དངངས་སྐྲག་སྐྱེས་ནས་ག་བྱེད་འདི་བྱེད་མེད་པར་གྱུར། སློབ་མ་ཁག་གཅིག་གིས་ཁོང་དངངས་སྐྲག་སྐྱེས་པ་ཤེས་རྗེས་འཁྲིས་སུ་ཡོང་ནས“རྒན་ལི་ལགས། ཐུགས་ཁྲལ་མ་གནང་རོགས། ང་ཚོས་ཧུར་ཐག་བྱས་ཆོག”ཅེས་སེམས་གསོ་བྱས།

    སྤུས་ལེགས་སློབ་ཚན་ལེགས་གྲུབ་བྱུང་བ་དང་སློབ་ཚན་གྲོལ་སྐབས་ཕྲུ་གུ་ཚོས་མཐེ་བོང་བསྒྲེངས་ནས“རྒན་ལི་ལགས། ཁྱེད་ཀྱིས་སློབ་ཚན་ཡག་པོ་ཁྲིད་གནང་སོང”ཞེས་བསྔགས་བརྗོད་བྱས།

    ལོ་གཉིས་རིང་བོད་དུ་ལས་ཀ་བྱས་པས་ལི་ཅ་དབྱི་དང་ཁོང་གི་སློབ་མའི་དབར་བརྩེ་དུང་ཟབ་མོ་ཆགས་ཡོད། ཐེངས་ཤིག་ལུས་རྩལ་འགྲན་ཚོགས་གཉེར་སྐབས་ཁོང་གི་གཟུགས་གཞིའི་གནས་ཚུལ་རྐྱེན་གྱིས་འགྲན་རར་ཡོང་ཐབས་བྲལ། འོན་ཀྱང་ཁོང་གིས་ཨུ་ཚུགས་ཀྱིས་འགྲན་ཚོགས་ལྟ་བར་ཡོང་བས་འཛིན་གྲྭའི་ཕྲུ་གུ་ཚང་མ་དགའ་ཐག་ཆོད་དེ་འཚང་ཁ་ཤིག་ཤིག་ངང་ཡོང་ནས་ཁོང་དང་མཉམ་དུ་དྲན་རྟེན་པར་བརྒྱབ་པ་རེད།

    བོད་དུ་ལས་ཀ་བྱས་པ་དེས་ཁོང་གིས་དགེ་རྒན་གྱི་ལས་རིགས་དེར་སྔར་བས་ཟབ་པའི་རྒྱུས་མངའ་བྱུང་ཡོད། “འདིར་མ་ཡོང་གོང་། ངའི་བསམ་པར་དགེ་རྒན་ནི་སྤྱིར་བཏང་གི་ལས་གནས་ཤིག་རེད་སྙམ་གྱི་ཡོད། འོན་ཀྱང་ལོ་གཉིས་རིང་བོད་སྐྱོར་དགེ་རྒན་བྱས་རྗེས་དགེ་རྒན་ནི་ཕྲུ་གུ་ཚོས་འཇིག་རྟེན་ལ་ཤེས་རྟོགས་བྱེད་པའི་མིག་ཟུང་ལྟ་བུ་ཞིག་རེད་འདུག ང་ནི་ས་ཁམས་དགེ་རྒན་ཡིན། དེར་བརྟེན་སློབ་ཁྲིད་བྱེད་སྐབས་རྒྱུན་དུ་ཕྲུ་གུ་ཚོར་འཛམ་གླིང་གི་ས་ཆ་མི་འདྲ་བ་ངོ་སྤྲོད་བྱས་པ་ཡིན། ཕྲུ་གུ་ཚོ་ངའི་སློབ་ཚན་བརྒྱུད་ཕྱི་རོལ་ཡུལ་དུ་ལྟ་བར་བསྐྱོད་རྒྱུའི་འདོད་མོས་ཆེ་རུ་སོང་འདུག གྲུབ་འབྲས་དེ་ངའི་ངོས་ནས་བརྗོད་ན་གཟི་བརྗིད་གང་རུང་ཞིག་ལས་ཀྱང་ལྷག་པ་འདུག”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།