[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བཀྲ་ཤིས་གཡུང་དྲུང་དང་དར་སོའི་བོད་ཆས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-07

    526068_yis_1529993285027.jpg

    བོད་ཆས་ཇུས་འགོད་པ་བཀྲ་ཤིས་གཡུང་དྲུང་གི་ཕ་ཡུལ་སི་ཁྲོན་གསེར་རྟའི་དགེ་ལེགས་ཐོག་ཤང་ནས་རེད། དེ་གར་སྐད་གྲགས་ཆེ་བའི་གནས་མཆོག་རི་བོ་དང་། ཡིད་དུ་འོང་བའི་རྩྭ་ཐང་། བཀྲག་མདངས་ཆེ་བའི་ཁམས་པའི་རྒྱན་གོས་སོགས་ཡོད་པ་རེད།

    བཀྲ་ཤིས་གཡུང་དྲུང་གི་ཕ་མ་གཉིས་པོ་ནི་ས་ཆ་དེ་གར་མིང་གྲགས་ལྡན་པའི་འཚེམ་བཟོ་བ་ཡིན་པས། ཁོ་མོ་ཆུང་དུས་ནས་ཚོན་གཞིར་དད་འདོད་ཆེ་ཞིང་རྒྱན་གོས་གྱོན་སྟངས་ལ་སོ་སོའི་ཐུན་མོང་མ་ཡིན་པའི་འཆར་སྒོ་ཡོད་པར་བརྟེན། དགའ་ཉེ་གྲོགས་མཆོག་ཚོས་ཁོ་མོར“གྱོན་ཆས་ཡག་པོ་གྱོན་ཤེས་ཀྱི་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད་པ་རེད།

    ཆུང་དུས་ནས་ཁམས་ཁུལ་དུ་འཚོ་བ་བསྐྱལ་བ་དང་། ལྷ་སར་ཡང་ལས་ཀ་ལོ་མང་བྱས་མྱོང་བས་ཡུལ་གྲུ་ཁག་གི་བོད་ཆས་ཀྱི་བཟོ་ལྟ་དང་། ཚོས་གཞི། རི་མོ། རྒྱན་ཆ་བཅས་ལ་ཁོང་གིས་རྒྱུས་མངའ་ཆེན་པོ་ཡོད་ཁར། ཚོས་གཞི་སྡེབ་སྦྱོར་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པར་བརྟེན། ཁོ་མོས་ཇུས་འགོད་བྱས་པའི་འཁྲབ་སྟོན་གྱི་རྒྱན་གོས་ལ་ཧ་ཅང་དགའ་པོ་བྱེད་པ་དང་། རིམ་བཞིན་འཁྲབ་སྟོན་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་སྐད་གྲགས་གང་ཙམ་ཆོད།

    526073_yis_1529993292359.jpg

    ཕྱིས་སུ་ཁོ་མོ་བཙལ་ནས་རྒྱན་གོས་ཇུས་འགོད་བྱ་རྒྱུའི་རེ་བ་འདོན་མཁན་གྱི་གཞས་པ་གཞས་མ་ཇེ་མང་དུ་སོང་ཞིང་། ཚང་མས་རྒྱུས་མངའ་ཆེ་བའི་གཞས་མ་ཚེ་དབང་ལྷ་མོ་དང་། འཇམ་དབྱངས་ཆོས་སྒྲོན། འཕྲིན་ལས་རྒྱ་མཚོ། སྐལ་བཟང་གཡུ་སྒྲོན་སོགས་ཀྱང་ཡོད་པ་རེད། 《གནས་མཆོག་ལྷ་ས》ཞེས་པའི་གཞས་གཏོང་མཁན་ཚེ་དབང་ལྷ་མོ་ནི་བཀྲ་ཤིས་གཡུང་དྲུང་དང་མཉམ་ལས་བྱེད་པའི་དུས་ཡུན་རིང་ཤོས་ཡིན་ཞིང་། ཚེ་དབང་ལྷ་མོ་འཁྲབ་སྟོན་བྱེད་སྐབས་བོད་ཆས་གྱོན་རྒྱུར་དགའ་བས། བཀྲ་ཤིས་གཡུང་དྲུང་གིས་ཁོ་མོར་བོད་ཆས་ཇུས་འགོད་བྱེད་སྐབས་བོད་ཆས་ཀྱི་སྲོལ་རྒྱུན་སོར་འཇོག་བྱེད་པ་ཕུད། ད་དུང་ཞིབ་ཚགས་པོས་མཐའ་རྒྱན་སྣ་ཚོགས་སྐུད་པས་བཙེམས་ཏེ་བོད་ཆས་ལ་མཛེས་རྒྱན་སྤྲོས་ཀྱི་ཡོད། ཁོ་མོས་ཇུས་འགོད་བྱས་པའི་བོད་ཆས་ལ་སྤྱིའི་ཆ་ནས་སྲོལ་རྒྱུན་གྱི་ཁྱད་ཆོས་མི་འཆོར་ནའང་ཞིབ་ཆའི་ངོས་ནས་ད་དུང་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་མངོན་བཞིན་ཡོད།

    2017ལོར། བཀྲ་ཤིས་གཡུང་དྲུང་གིས་རང་ཉིད་ཀྱི་ལས་གཉེར་ཁང་དངོས་སུ་བཙུགས་ཤིང་། ཁོ་མོའི་ཐོག་མའི་སྐུལ་སློང་ནི་བོད་ཆས་འདི་ཉིད་གར་སྟེགས་ནས་འཚོ་བའི་ནང་ཁྱབ་པ་དང་། སྲོལ་རྒྱུན་གྱི་བོད་ཆས་དར་སྲོལ་ཅན་དང་སོ་སོའི་ཁྱད་ལྡན་ཅན་དུ་འགྱུར་བ་བྱ་རྒྱུ་དེ་རེད། སྲོལ་རྒྱུན་བོད་ཆས་ཀྱི་བཟོ་ལྟ་ནི་ཕྱུ་པ་གཙོ་བོ་ཡིན་ཞིང་། དེ་ས་མཐོའི་རང་བྱུང་ཁོར་ཡུག་དང་ནམ་ཟླ་སོགས་དང་འབྲེལ་བ་དམ་ཟབ་ཡོད། ས་མཐོའི་གྲོང་གསེབ་དང་འབྲོག་ཁུལ་དུ་ཉི་ཟེར་ཤུགས་ཆེ་བ་དང་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཡོད། ནམ་ཟླ་འདི་ལྟ་བུའི་འོག་ཕྱུ་པ་གྱོན་ན་སྟབས་བདེ་ཞིང་། ཚ་དྲོད་ཆེ་བའི་སྐབས་སུ་ཕྱུ་པའི་ཕུ་ཐུང་ཕུད་ན་བསིལ་བ་དང་། དགོང་མོར་གནམ་གཤིས་ཇེ་གྲང་དུ་འགྲོ་སྐབས་དྲོ་སོབ་སོབ་ཀྱི་ཉལ་ཆས་བྱེད་ཆོག་གི་ཡོད། གཞན་ཡང་ཕྱུ་པ་ནི་གྱོན་གོས་གཞན་ལས་རིང་བས་སྐེད་རགས་བཅིང་སྐབས་ཡར་ཅུང་ཙམ་བསྡགས་ནས་གྱོན་ཚེ། ཨམ་ཕྲག་ཆེན་པོ་ཞིག་ཆགས་ནས་དུས་རྒྱུན་འཁྱེར་བའི་དངོས་པོ་བླུགས་ཆོག

    བཀྲ་ཤིས་གཡུང་དྲུང་གིས་སྲོལ་རྒྱུན་གྱི་ཕྱུ་པ་ཕུད། ད་དུང་སྟོད་ཀོར་དང་ཕྱི་གོས་སོགས་སྟབས་བདེའི་བཟོ་ལྟའང་འཆར་འགོད་བྱས་ནས་བོད་ཆས་ཀྱི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། རྒྱུ་ཆའི་གྲས་སུ་སྲོལ་རྒྱུན་གྱི་སྣམ་བུ་ཕུད། ད་དུང་དར་ཟབ་དང་། སོ་རས། གོས་ཆེན། བལ་གྱི་རས་ཆ་སོགས་རྩེ་གྲ་ནང་འདྲེན་བྱེད་ཀྱི་ཡོད་པ་རེད། ཚོས་གཞི་སྡེབ་སྦྱོར་ལ་ལྷ་སའི་བོད་ཆས་ཀྱི་བབ་ཆགས་པའི་ཚོས་མདངས་ཡོད་ལ། ཁམས་ཁུལ་བོད་ཆས་ཀྱི་ལྟ་ན་སྡུག་པའི་ཁྱད་ཆོས་ཀྱང་ཡོད་པས་སྤྱིར་བཏང་རྒྱུ་ཆ་དེ་དག་ལས་ཡིད་ཀྱི་དབང་པོ་རྦད་དེ་འདྲེན་པར་བྱས་ཡོད།

    526071_yis_1529993289707.jpg

    ལས་གཉེར་ཁང་བཙུགས་རྗེས་ཁོ་མོས་ཐོག་མར་རྒྱུ་ཆ་ཡག་ཤོས་སྤྱད་ནས་ཕ་མ་གཉིས་པོར་གྱོན་ཆས་རྩེ་གྲ་ཆ་ཚང་ཞིག་བཟོས་པ་རེད། ཕྱི་ཚུལ་ནས་བལྟས་ན་སྔར་བཞིན་ཕ་ཡུལ་གྱི་བོད་ཆས་དང་གཅིག་པ་ཡིན་ནའང་ཚོས་གཞིར་འགྱུར་ལྡོག་ཆེ་ཙམ་ཡོད་དེ། དཔེར་ན། ཁོ་མོས་རང་ཉིད་ཀྱི་ཨ་ཕར་བཟོས་པའི་བོད་ཆས་དམར་སྨུག་དེའི་རི་མོ་ཞིབ་ཚགས་ལ་རྒྱུ་སྤུས་ཧ་ཅང་ཡག་པོ་ཡོད་པ་རེད། སོ་སོས་ཇུས་འགོད་བྱས་ཏེ་བཟོས་པའི་བོད་ཆས་ཕ་མ་གཉིས་པོས་གྱོན་པ་མཐོང་སྐབས་བཀྲ་ཤིས་གཡུང་དྲུང་དགའ་བ་འབུམ་གྱིས་མྱོས་ཤིང་། དེ་བས་ཀྱང་དགའ་སྣང་སྐྱེ་འོས་པ་ཞིག་ནི་འཛད་སྤྱོད་པ་མང་པོ་ཞིག་གིས་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་བོད་ཆས་ལ་དགའ་པོ་བྱེད་པ་དེ་རེད།

    མི་རིགས་ཀྱི་ཡིན་ན་འཛམ་གླིང་གི་ལོས་ཡིན། བོད་ཀྱི་ཁྱད་ཆོས་མངའ་བའི་རྒྱན་གོས་ལ་འཛད་སྤྱོད་པ་མང་པོ་ཞིག་གིས་དགའ་པོ་བྱེད་སྐབས་བཀྲ་ཤིས་གཡང་དྲུང་གི་སེམས་ནང་ཡིད་ཆེས་ལྡབ་བརྒྱས་ཁེངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།