[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • “རལ་པའི་རྒྱལ་མོ”ཚེ་སྐྱིད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-29

    ལོ་13ལ་སླེབས་སྐབས་བརྡ་ཁྱབ་ཞིག་ལས་ཁོ་མོའི་མི་ཚེའི་ཤུལ་ལམ་ལ་འགྱུར་ལྡོག་བྱུང་། ལོ་31ལ་སླེབས་སྐབས་སློབ་གཉེར་གྱི་འདུན་པ་ཆེན་པོ་དང་སློབ་ཆེན་འགྲིམ་པའི་གོ་སྐབས་བྱུང་བ་ལས་ཁོ་མོའི་མི་ཚེ་གཅིག་ལ་ཕན་པ་ཐོབ། ན་སོ་དར་ལ་བབས་རྗེས། ཁོ་མོའི་ངོ་མཚར་ཆེ་བའི་མི་ཚེའི་འགོ་གཞི་ནས་བརྩམས་པ་དང་འདྲ། འདི་དག་ཐམས་ཅད་ནི་ཁོ་མོ་དང་བོད་ཀྱི་ཞབས་བྲོའི་སྒྱུ་རྩལ་རལ་པའི་དབར་གྱི་ལས་འབྲེལ་ལས་བྱུང་བ་རེད། ད་ཆ། ཁོ་མོར་མི་རྣམས་ཀྱིས“རལ་པའི་རྒྱལ་མོ”ཞེས་འབོད་ཀྱིན་ཡོད། ཁོ་མོས“ངས་ཀྱང‘རལ་པའི་རྒྱལ་མོ’ཞེས་པའི་མིང་འདི་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ངས་བལྟས་ན། མི་སེར་ཚོའི་བསྔགས་བརྗོད་ལས་ལྷག་པ་ཞིག་མི་འདུག ང་ལ་མཚོན་ན་མིང་འདི་ནི་བྱ་དགའ་ཆེ་ཤོས་ཤིག་རེད”ཅེས་བཤད།

    ན་གཞོན་པའི་རང་ཤེད་ལས་རལ་པའི་སྒྱུ་རྩལ་དང་ཐོག་མར་ལས་འབྲེལ་བྱུང་བ།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ལོ་འགོར། ལོ་13ལ་སླེབས་པའི་ཚེ་སྐྱིད་རང་ཉིད་ཀྱི་ཕ་ཡུལ་ཆབ་མདོ་ས་ཁུལ(ད་ཆ་ཆབ་མདོ་གྲོང་ཁྱེར་དུ་བསྒྱུར་ཡོད)དུ་དམའ་འབྲིང་འགྲིམ་བཞིན་ཡོད། ཉིན་ཞིག་ཁྲོམ་གཞུང་གི་ཟུར་ཞིག་ཏུ་སྦྱར་བའི་བརྡ་ཁྱབ་གཅིག་གིས་ཁོ་མོའི་མིག་དབང་འཕྲོག འདི་ནི་ཆབ་མདོ་ས་ཁུལ་རིག་རྩལ་ཚོགས་པས་ཞབས་བྲོ་འཁྲབ་མཁན་བསྡུ་བའི་བརྡ་ཁྱབ་ཡིན་པ་རེད།

    ཆུང་དུས་ནས་ཞབས་བྲོར་ཧ་ཅང་དགའ་བའི་ཚེ་སྐྱིད་ཀྱིས་དངངས་སྐྲག་དང་བཅས་མི་ཚེ་འདིའི་གདམ་ག་ཡག་ཤོས་བྱས་པ་ཏེ། ནང་མིར་གསང་ནས་ལྐོག་ཏུ་མིང་ཐོ་བཀོད། རྒྱུགས་ལེན་པའི་ཉིན་མོར་ཁོ་མོས་དཔྱད་འདེམས་པ་ཚོའི་མདུན་ནས《རྨ་བྱའི་སྤྲོ་གར》འཁྲབ་པ་མ་ཟད། ད་དུང་དཔྱད་འདེམས་དགེ་རྒན་ཚོའི་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་ཀྱང་བསྒྲུབས་པ་རེད།

    “ངས་ཆབ་མདོ་ས་ཁུལ་གྱི་ཟམ་ཆེན་ནུབ་མར་བསྒུགས་ནས་བསྡད་དེ་དཔྱད་འདེམས་དགེ་རྒན་ཚོ་ཟམ་པ་སྒྲོལ་སྐབས་བཀག་ནས། གལ་སྲིད་ང་རྒྱུགས་མ་འཕྲོད་ཚེ་ཟམ་ཁ་འདི་ནས་མཆོངས་ཏེ་ཤི་རྒྱུ་ཡིན་ཞེས་བཤད་པར། དཔྱད་འདེམས་བྱེད་མཁན་དགེ་རྒན་ཚོས་ངུ་མ་དགོད་ཀྱིས་ཁྱེད་རང་གིས་ཞབས་བྲོ་ཡག་པོ་འཁྲབ་ཀྱི་འདུག ཕྱིར་ལོག་ནས་ལན་སྒུག་སྡོད་ཅེས་ཡང་ནས་ཡང་དུ་བཤད་བྱུང”ཞེས་ཤོད་ཀྱིན་ཁོ་མོའང་གད་མོ་ཤོར་སོང་། “སྐབས་དེར་ང་རང་དེ་འདྲའི་རང་ཤེད་ཅན་ཞིག་རེད། ད་ཆ་ཕྱིར་དྲན་ཞིག་བྱེད་དུས། དེ་ནི་ང་ཞབས་བྲོ་ལ་དགའ་དྲགས་པས་རེད”ཅེས་ཚེ་སྐྱིད་ཀྱིས་བཤད།

    ཉིན་བདུན་གྱི་རྗེས་སུ། ལོ་13ལ་སླེབས་པའི་ཚེ་སྐྱིད་ལ་སློབ་ཚུད་བརྡ་ཐོ་འབྱོར་ཅིང་། ནང་མི་ཚོས་ཀྱང་ཁོ་མོ་ཞབས་བྲོར་དགའ་བ་ཤེས་རྐྱེན་མོས་མཐུན་བྱས། དེས་ན་སོ་སོའི་རེ་བ་བཞིན་དུ་ཆབ་མདོ་ས་ཁུལ་རིག་རྩལ་ཚོགས་པའི་ཚོགས་མི་ཞིག་ཏུ་གྱུར།

    ཁོ་མོ་རང་ཉིད་ཀྱིས་རེ་བ་ཆེན་པོ་བྱེད་པའི་ཕྱོགས་བཞིར་མེ་ལོང་བསྒར་བའི་སྦྱོང་བརྡར་ཁང་དུ་ཐེངས་དང་པོར་སླེབས་སྐབས་རྩི་བུད་དེ་ཁྲ་ཁྲར་གྱུར་པའི་རལ་པ་འཁྲབ་བྱེད་ཀྱི་རྔ་རྙིང་པ་ཞིག་གིས་ཁོ་མོའི་ཡིད་དབང་དབང་མེད་དུ་འཕྲོག ཁོ་མོས“ཐེངས་དང་པོར་ལག་པ་རྔ་ལ་རེག་སྐབས། ང་ནི་རྔ་འདིའི་ཆེད་དུ་སྐྱེས་ཤིང་རྔ་འདིའི་ཆེད་དུ་གསོན་པའམ་ཡང་ན་རྔ་འདི་དང་ཤ་གསེང་རུས་གསེང་ནས་གླེང་མོལ་བྱེད་པའི་མྱོང་ཚོར་ཞིག་སྐྱེས་བྱུང”ཞེས་བཤད།

    དམངས་ཁྲོད་སྒྱུ་རྩལ་པ་དགེ་རྒན་ལ་བསྟེན་ནས་ཁོང་ཚོའི་དཀའ་ཚེགས་མྱོང་ཐབས་བྱས།

    དུས་རབས་གོང་མའི་ལོ་རབས་70མཇུག་དང་ལོ་རབས་80འགོར་དམངས་ཁྲོད་རིག་གནས་སྒྱུ་རྩལ་མྱུར་སྐྱོབ་དང་དམངས་ཁྲོད་སྒྱུ་རྩལ་པར་སྲུང་སྐྱོང་བྱེད་པའི་དཔྱིད་རླུང་མེས་རྒྱལ་གྱི་ས་གཞི་ཆེ་མོར་ལྡང་ཞིང་། 1988ལོར་དཔྱིད་རླུང་དེ་ཡང་གངས་ལྗོངས་ས་མཐོར་ལྡང་།

    བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་རིག་རྩལ་ཚོགས་པ་དང་རང་སྐྱོང་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར(ས་ཁུལ)7དུ་བསྐྱོད་དེ་དམངས་ཁྲོད་རིག་གནས་སྒྱུ་རྩལ་སྔོག་འདོན་མྱུར་སྐྱོབ་དང་དམངས་ཁྲོད་སྒྱུ་རྩལ་པར་སྲུང་སྐྱོང་བྱས།

    སྐབས་དེར་རང་སྐྱོང་ལྗོངས་ནས་ཡོང་བའི་ལས་དོན་རུ་མི་དང་་ཆབ་མདོ་ས་ཁུལ་རིག་གནས་ཅུས་དང་དེ་བཞིན་སྒྱུ་རྩལ་ལས་དོན་པ་རུ་ཁག་བཞི་རུ་བགོས་ནས་སྨར་ཁམས་དང་སྟེང་ཆེན་སོགས་ཆབ་མདོའི་རྫོང་ཁག་ཏུ་དམངས་ཁྲོད་རིག་གནས་སྒྱུ་རྩལ་བསྡུ་སྒྲིག་དང་། མྱུར་སྐྱོབ། ལེགས་སྒྲིག་བཅས་བྱེད་པར་བསྐྱོད། བོད་ཤར་རྒྱུད་ཀྱི་ཆབ་མདོའི་དམངས་ཁྲོད་གླུ་གར་སྒྱུ་རྩལ་ཆེ་གྲས་གསུམ་སྟེ། རལ་པ་དང་། པི་ཝང་། སྒོར་གཞས་བཅས་མྱུར་སྐྱོབ་ཀྱི་གཙོ་གནད་དུ་གྱུར།

    གཞི་ཁྱོན་ཆེ་བའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་མྱུར་སྐྱོབ་ལས་དོན་ཁྲོད་ལོ་19ལ་སླེབས་པའི་ཚེ་སྐྱིད་ཆབ་མདོ་ས་ཁུལ་གྱི་རལ་པའི་སྒྱུ་རྩལ་མྱུར་སྐྱོབ་ཚོགས་པའི་ཁོངས་མིར་གྱུར།

    1988ལོའི་འབྲས་ལྡན་སྟོན་གྱི་དུས་སུ་ཚེ་སྐྱིད་ཐེངས་དང་པོ་རལ་པའི་དམངས་ཁྲོད་སྒྱུ་རྩལ་པ་རྒན་གྲས་བཀྲ་ཤིས་ཆོས་སྒྲོན་དང་ངོ་འཕྲད་བྱུང་། སྐབས་དེར་ལོ་ལྔ་བཅུ་འདས་ཟིན་པའི་བགྲེས་སོང་ཁོང་སྒྱུ་རྩལ་ལམ་བུའི་ཡང་རྩེར་སོན་ཡོད།

    ཁོ་མོས་བཀྲ་ཤིས་ཆོས་སྒྲོན་དགེ་རྒན་ལ་བསྟེན་རྒྱུའི་རེ་བ་སྙིང་ནས་བཅངས་ཤིང་། གཤིས་ཀ་ཁ་རེ་ཁ་ཐུག་དང་སློབ་སྦྱོང་ལ་དགའ་བའི་ཁོ་མོས་བགྲེས་སོང་ལ་རང་ཉིད་ཀྱི་བསམ་འདུན་ཞུས། མ་གཞི་བཀྲ་ཤིས་ཆོས་སྒྲོན་གྱིས་སྐབས་དེ་དུས་ངོ་ཟློག་མེད་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་སྒྱུ་རྩལ་པ་བགྲེས་སོང་ཚོ་འཁྲབ་སྟོན་བྱེད་སྐབས། ཚེ་སྐྱིད་དང་སློབ་གཉེར་བ་གཞན་ཚོ་འཁྲིས་སུ་ལྟད་མོ་བལྟས་ནས་སྡོད་དུ་འཇུག་པ་ལས། སྟངས་སྟབས་དང་འཁྲབ་རྩལ་སྦྱོང་བའི་གོ་སྐབས་མ་སྦྱིན།

    རལ་པའི་རྩ་བ་དམངས་ཁྲོད་དུ་ཚུགས་པ་དང་། རལ་པ་ནི་རྒྱལ་ཁམས་འགྲིམས་ནས་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་ཞིག་ཡིན་ལ། དམངས་ཁྲོད་སྒྱུ་རྩལ་པས་དངོས་གཞིའི་རིག་རྩལ་ཚོགས་པར་འཁྲབ་རྩལ་དེ་བསླབས་ཚེ། ཁོང་ཚོའི་འཚོ་རྟེན་དུ་གྱུར་པའི་སྒྱུ་རྩལ་དེའི་དོན་སྙིང་བརླག་འགྲོ་བའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་ཚེ་སྐྱིད་ཀྱིས་གསལ་པོར་རྟོགས།

    ཁོ་མོས་སྒྱུ་རྩལ་པ་རྒན་གྲས་ཀྱི་བསམ་ཚུལ་ལ་བསམ་ཤེས་ཐུབ་པ་མ་ཟད། རང་ཉིད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སེམས་པ་དེ་མཚོན་དགོས་པའང་རྟོགས། དེས་ན། ཚེ་སྐྱིད་དང་ཁྱིམ་ཚང་ཚན་པར་བྱས་པའི་དམངས་ཁྲོད་སྒྱུ་རྩལ་པ་རྣམས་མཉམ་ཟ་མཉམ་སྡོད་བྱེད་འགོ་ཚུགས། སྒྱུ་རྩལ་སྦྱོང་འདོད་ཀྱི་མོས་སེམས་ལྷག་པར་ཆེ་ཡང་ཁོ་མོས་བཀོད་སྒྲིག་ལ་བརྩི་སྲུང་བྱེད་པ་ལས་རང་ཤེད་གཏན་ནས་བྱེད་ཀྱི་མེད།

    དེ་ལྟར་སློབ་སྦྱོང་ལ་སྤྲོ་བའི་ཚེ་སྐྱིད་ཀྱིས་སྒྱུ་རྩལ་པ་རྒན་གྲས་ཀྱི་སྟངས་སྟབས་དང་རྔ་རྡུང་སྒྲ་དབྱངས་དག་སེམས་སུ་བརྟན་པོར་ངེས། དེ་མུར་ཁོ་མོར་བཀྲ་ཤིས་ཆོས་སྒྲོན་གྱི་གདེང་འཇོག་ཐོབ་ནས་དེ་བས་མང་བ་དང་དཀའ་བའི་རལ་པའི་འཁྲབ་རྩལ་བསླབས།

    ཁོ་མོས“གལ་སྲིད་དམངས་ཁྲོད་སྒྱུ་རྩལ་པ་དང་མཉམ་ཟ་མཉམ་འཐུང་མི་བྱེད་པ་དང་ཁོང་ཚོ་དང་མཉམ་དུ་འཁྲབ་སྟོན་གྱི་དཀའ་སྡུག་མ་མྱངས་ཚེ། ཁྱེད་ཀྱིས་ཁོང་ཚོའི་རུས་པའི་གཏིང་གི་སྒྱུ་རྩལ་གྱི་ཉིང་བཅུད་དག་ཤེས་ཐབས་བྲལ”ཞེས་ཤོད་ཀྱི་འདུག

    དེ་རྗེས་ཁོ་མོའི་རྐང་རྗེས་ཆབ་མདོའི་རི་ཀླུང་གང་སར་བཞག དེ་སྔོན་ས་མཐའ་འགྲིམ་མཁན་གྱིས་འཁྲབ་བཞིན་པའི་དམངས་ཁྲོད་སྒྱུ་རྩལ་འཁྲབ་ཀྱིན་ཚེ་སྐྱིད་ཀྱིས་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་གཅིག་བྱས་པ་མ་ཟད། ད་དུང་ཨ་རི་དང་། ཁ་ན་ཏ། འཇར་མན། ཡོ་རོབ་བྱང་མ་སོགས་རྒྱལ་ཁབ་10ལྷག་ཏུ་བསྐྱོད་ནས་བོད་རིགས་ཀྱི་ཟློས་གར་སྒྱུ་རྩལ་མཁས་ཅན་དང་མཉམ་དུ་འཛམ་གླིང་སྐྱེ་བོར་བོད་ཀྱི་རིག་གནས་བརྒྱུད་བསྒྲགས་དང་སྦྲགས་མི་རིགས་ཀྱི་སྒྱུ་རྩལ་རྒྱུན་འཛིན་བྱས།

    དེ་སྔ་ཚེ་སྐྱིད་ལ་རལ་པའི་ཉིང་བཅུད་སློབ་མཁན་གྱི་སྟེང་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་པ་བཀྲ་ཤིས་ཆོས་སྒྲོན་ད་ཆ་ལོ་ན་བགྲེས་པོར་གྱུར་ཟིན་ལ། ཁོང་ནི་མིག་སྔར་བཞུགས་པའི་བོད་གསར་རྙིང་བརྒྱུད་མྱོང་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཀྱང་རེད། བགྲང་བྱ་བཅུ་ཕྲག་རིང་ཚེ་སྐྱིད་དང་བགྲེས་སོང་དབར་མཛའ་ཞིང་གཅུགས་པའི་དགེ་སློབ་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ཁོམ་པ་བྱུང་མ་ཐག་ཁོ་མོས་སྟེང་ཆེན་དུ་རྒན་ལགས་དང་ཐུག་པར་བསྐྱོད་ནས་བགྲེས་སོང་ཁོང་དང་ཚེ་འདིར་དགའ་ཤོས་ཀྱི་རལ་པའི་སྐོར་དང་འཚོ་བའི་སྐོར་གླེང་བར་བྱེད།

    2016ལོའི་ལོ་མཇུག་ཏུ་ལོ་80ལྷག་ཙམ་ལ་སླེབས་པའི་བཀྲ་ཤིས་ཆོས་སྒྲོན་གྱིས་རང་ཉིད་དང་དུས་རབས་ཕྱེད་ཙམ་མཉམ་དུ་འགྲོགས་པའི་རལ་པ་འཁྲབ་བྱེད་ཀྱི་རྔ་ཚེ་སྐྱིད་ལ་སྤྲད་ནས་ཚེ་སྐྱིད་ཀྱིས་མུ་མཐུད་རལ་པའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་རེ་བྱས།

    ཉམས་དགའ་བའི་འགྱུར་ལྡོག་བྱུང་ནའང་རྒྱུན་འཛིན་དང་བརྒྱུད་སྤེལ་གྱི་བསམ་པ་དོར་མེད་པ།

    བགྲང་བྱ་བཅུ་གྲངས་ཀྱི་སྔོན་དུ་ཚེ་སྐྱིད་ཀྱིས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་རྒྱུགས་སྤྲད་ནས་ཞབས་བྲོའི་དངོས་གཞིའི་རྩོམ་ཁྲིད་འཛིན་གྲྭའི་སློབ་མ་ཞིག་ཏུ་གྱུར། སྐབས་དེར་ཁོ་མོ་ལོ་31ལ་སླེབས་ཟིན་པས་སྐྱེ་བོ་མང་པོ་ཞིག་གིས་བསམ་ཤེས་བྱེད་ཐུབ་ཀྱི་མེད། གང་ལགས་ཤེ་ན། སྐབས་དེ་དུས་ཁོ་མོ་ལྗོངས་གླུ་གར་ཚོགས་པའི་བསླབ་པ་རྒན་པའི་ཞབས་བྲོ་བ་ཞིག་ཡིན་པ་མ་ཟད། རལ་པའི་སྒྱུ་རྩལ་ཁྱབ་ཁོངས་སུ་མིང་གྲགས་ཀྱང་གང་ཙམ་ཡོད།

    དོན་དངོས་ལས་ར་སྤྲོད་བྱུང་བར། ཚེ་སྐྱིད་ཀྱི་ཡང་དག་པའི་གདམ་ག་ལས་ཁོ་མོའི་མི་ཚེའི་བགྲོད་ལམ་ལ་རྨང་གཞི་བཟང་པོ་བཏིངས་ཐུབ་ནས་བགྲང་བྱ་བཞིའི་རྗེས་ཁོ་མོ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ནས་ཐོན་རྗེས་སློབ་ཆེན་གྱི་དགེ་རྒན་དུ་གྱུར།

    འགྱུར་ལྡོག་དེ་ལས་ཚེ་སྐྱིད་སློབ་ཆེན་གྱི་ཆེད་ལས་ཞབས་བྲོའི་དགེ་རྒན་ཞིག་ཆགས་པ་མ་ཟད། མུ་ཏིག་ལྟར་ཁྲ་ཆེམ་ཆེམ་གྱི་དམངས་ཁྲོད་སྒྱུ་རྩལ་རལ་པ་དེ་ཡང་རྩྭ་ཐང་ནས་གྲོང་ཁྱེར་དང་དམངས་ཁྲོད་ནས་སློབ་ཁང་དུ་བསྐྱོད་ཐུབ་པ་བྱུང་།

    ད་ཆ་ཚེ་སྐྱིད་པེ་ཅིང་ཞབས་བྲོའི་སློབ་གླིང་སོགས་ནང་སའི་སྒྱུ་རྩལ་སློབ་གླིང་མང་པོ་ཞིག་གིས་གདན་ཞུས་དགེ་རྒན་ཆེ་མོར་གདན་ཞུ་བྱས། ཁོ་མོས་འབད་བརྩོན་ལྷོད་མེད་བྱས་པ་ལས་རལ་པའི་སྒྱུ་རྩལ་གྱི་སྙིང་བཅུད་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་སློབ་ཆེན་དུ་སློབ་ཁྲིད་བྱེད་པར་བརྟེན་ནས་ལག་ལེན་དང་རིགས་པའི་གཞུང་ལུགས་ཁྲོད་འཚོལ་ཞིབ་ཟམ་མི་ཆད་པ་བྱེད་པ་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་བཟོ་བཅོས་དང་གསར་གཏོད་བརྒྱབ་པ་བརྒྱུད། ལོ་རྒྱུས་ཡུན་རིང་ལྡན་པའི་རལ་པའི་སྒྱུ་རྩལ་ལ་ཁྱད་ཆོས་གསར་དུ་བསྣན་ཐུབ་ཡོད།

    ལོ་མང་གི་སློབ་ཁྲིད་བརྒྱུད། ཚེ་སྐྱིད་ཀྱིས་རལ་པའི་རྔ་རྡུང་སྟངས་དང་སྟངས་སྟབས་གསར་པ་ཁག་གཅིག་གསར་བཏོད་ཐུབ་ཡོད།

    དེ་དང་ཆབས་ཅིག ཁོ་མོས་ལག་ལེན་དང་རིགས་པའི་གཞུང་ལུགས་ཟུང་དུ་སྦྲེལ་ནས་རྩོམ་འབྲི་བྱས་པའི་བོད་རིགས་ཀྱི་རལ་པའི་སྒྱུ་རྩལ་གྱི་དམའ་འབྲིང་མཐོ་གསུམ་རིམ་པའི་བསླབ་གཞི་ལེགས་སྒྲིག་ཟིན་ནས་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་ལ། ལོ་གཉིས་ནང་ཚུན་དུ་དཔེ་སྐྲུན་བྱེད་ཐུབ་རེ་ཡོད།

    ཚེ་སྐྱིད་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་རལ་པའི་སྒྱུ་རྩལ་རྒྱུན་འཛིན་དང་བརྒྱུད་སྤེལ་བྱེད་པའི་ཐད་ཕུལ་བའི་ལེགས་སྐྱེས་དང་དེ་བཞིན་གསར་གཏོད་རང་བཞིན་སྒོ་ནས་བཟོ་བཅོས་བྱས་པར་རིག་གཞུང་ལས་རིགས་ཀྱི་གདེང་འཇོག་ཆེན་པོ་ཐོབ།

    ལོ་13ལ་སླེབས་པ་ནས་བཟུང་ཚེ་སྐྱིད་ཞབས་བྲོ་བ་ཞིག་ཆགས་ཤིང་། བགྲང་བྱ་30ལྷག་རིང་ཚེ་སྐྱིད་ཀྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ལ་སྔ་རྗེས་སུ་བྱ་དགའ་ཐེངས་20ལྷག་ཐོབ་མྱོང་ཡོད་ལ། ཁོ་མོར་ཡང་ལྟད་མོ་བ་ཚོས་སྙིང་ཉེ་པོས“རལ་པའི་རྒྱལ་མོ”ཞེས་འབོད་ཀྱི་ཡོད། ཞབས་བྲོའི་ཐད་ཀྱི་གྲུབ་འབྲས་ཕུད། ལོ་དེ་དག་ནང་ཁོ་མོ་སྔ་རྗེས་སུ་བོད་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”དང་། རང་སྐྱོང་ལྗོངས་ཀྱི“གསུམ་བརྒྱད”དར་དམར་བ། རྒྱལ་ཡོངས་ཀྱི“གསུམ་བརྒྱད”དར་དམར་བ་སོགས་སུ་འདེམས་མྱོང་ཡོད།

    ཚེ་སྐྱིད་ཀྱིས་རལ་པའི་སྒྱུ་རྩལ་ལ་སེམས་གཏིང་ནས་ལྷག་བསམ་བཅངས་པས། ཁོ་མོར་ད་ཆའི་གྲུབ་འབྲས་དེ་ལྟ་བུ་ཐོབ་ལ། “རལ་པའི་རྒྱལ་མོ”ཞེས་འབོད་པར་ཡང་ངོ་གནོང་དགོས་མེད་པ་རེད།

    ཚེ་སྐྱིད་ཀྱིས་ལྷ་ས་ཚོད་ལྟའི་སློབ་ཆུང་གི་ཕྲུ་གུ་ཚོར་རལ་པའི་ལོ་རྒྱུས་ཤོད་བཞིན་པ།

    སྟེང་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་པ་བཀྲ་ཤིས་ཆོས་སྒྲོན་གྱིས་རང་ཉིད་ཀྱི་རལ་པ་འཁྲབ་བྱེད་ཀྱི་རྔ་དང་རྔ་དབྱུག་བློ་ལ་བབ་ཤོས་ཀྱི་སློབ་མ་ཚེ་སྐྱིད་ལ་སྤྲོད་བཞིན་པ།

    བོད་ལྗོངས་སློབ་ཆེན་གྱི་ཟློས་གར་སྦྱང་ཡུལ་དུ་ཚེ་སྐྱིད་ཀྱིས་སློབ་མར་རལ་པ་འཁྲབ་སྟངས་སློབ་པ།

    རྩྭ་ཐང་དུ་རལ་པ་འཁྲབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།