[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ལྷ་མོ།
  • དམངས་ཁྲོད་ལྷ་མོ་ཚོགས་པའི་འཁྲབ་སྟོན་སྐབས་ཀྱི་ཞན་ཆ་གླེང་བ།(སྨད་ཆ)

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྙེ་གཞུང་ནོར་བཟང་གིས།    |    སྤེལ་དུས།   2017-09-07

    གསུམ། རང་འདོད་དབང་གིས་ལྷ་མོའི་འཁྲབ་ཆས་ར་མ་ལུག་ཏུ་གཏོང་ཉེན་ཆེ།

    རང་ཅག་བོད་དུ་ལྷ་མོའི་སྒྱུ་རྩལ་བྱུང་བ་ནས་ད་ལྟའི་བར་མི་རབས་མང་པོའི་ལོ་རྒྱུས་བརྒྱུད་ཡོད་ཅིང་། ཡུན་རིང་གི་ལོ་ཟླའི་ནང་། མེས་པོའི་དཀའ་སྤྱད་དང་བློ་རིག་གི་དྲིན་ལས་ལྷ་མོའི་སྒྱུ་རྩལ་དང་ཡོངས་སུ་འཚམས་པའི་ཆས་གོས་ཀྱང་རིམ་བཞིན་གཏན་ཆགས་ཡོད་ཅིང་། ལྷ་མོའི་ནང་གི་རྔོན་པ་དང་། རྒྱ་ལུ། དེ་བཞིན་ལྷ་མོ་ནས་གཙོ་བོར་བྱས་པའི་གཞུང་དངོས་ནང་གི་མི་སྣའི་ཞྭ་མོ་ནས་ལྷམ་བར་གྱི་འཁྲབ་གོས་ཁག་གིས་མི་སྣ་སོ་སོའི་གཤིས་ཀའི་ཁྱད་ཆོས་དང་མི་རིགས་རང་ཉིད་ཀྱི་གོམས་སྲོལ་དང་ཡོངས་སུ་མཐུན་ཡོད་སྟབས་རྒྱ་ཆེའི་གཟིགས་མོ་བ་ཚོས་འཁྲབ་སྟོན་པའི་ཆས་ལ་བལྟས་པ་ཙམ་གྱིས། ཐད་ཀར་མི་སྣ་གང་ཡིན་དབྱེ་འབྱེད་ཐུབ་པའི་ཚད་དུ་སླེབས་ཡོད། ལྷ་མོའི་འཁྲབ་གོས་ནི་ལྷ་མོའི་སྒྱུ་རྩལ་གྱི་ཉམས་འགྱུར་སྣ་ཚོགས་ཕྱིར་མངོན་པའི་མཚོན་རྟགས་གཙོ་བོའི་གྲས་ཤིག་རེད། ད་ཆ་རང་ཅག་དེང་རབས་ཅན་གྱི་འཚོ་བའི་ཁོར་ཡུག་ཏུ་གནས་ཤིང་། ལྷ་མོའི་སྒྱུ་རྩལ་ཡང་དེང་གི་སྤྱི་ཚོགས་སུ་རྒྱུན་འཛིན་ཐུབ་ཅིང་། ཁྱད་པར་དུ་དུས་དེ་རིང་ཡང་གཟིགས་མོ་བས་ལྷ་མོའི་སྒྱུ་རྩལ་ལ་དགའ་པོ་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ལྷ་མོའི་སྒྱུ་རྩལ་ལ་མངའ་བའི་ཁྱད་ཆོས་སམ་མཚོན་རྟགས་དེ་དག་རང་ལ་རགས་ལུས་ཡོད། ང་ཚོས་དུས་རབས་གསར་པའི་གར་སྟེགས་ཐོག་ཏུ་ལྷ་མོའི་ཕུལ་བྱུང་ཁྱད་ཆོས་སམ་མཚོན་རྟགས་དེ་རིགས་མ་ཉམས་རྒྱུན་སྤེལ་བྱ་དགོས་པ་ལས་གཏོར་བརླག་གཏོང་རྒྱུ་མེད། དེ་བས་ཁྱད་ཆོས་དེ་དག་གཙོ་ཐིག་ཏུ་བཟུང་སྟེ། ལྷ་མོའི་འཁྲབ་གོས་ཁག་དེང་གི་གཞི་རྒྱུ་དང་ཟུང་འབྲེལ་བྱས་ནས་དུས་བསྟུན་འཕེལ་རྒྱས་གཏོང་ཐུབ་ན་དེའང་རྩེ་གྲ་ཡིན། ཡིན་ནའང་། ད་ལྟའི་ལྷ་མོ་ཚོགས་པ་འགའ་ཞིག་གི་འཁྲབ་གོས་དང་འབག་ལ་ལན་རེ་བལྟ་སྐབས། གཅིག་ནས་འཁྲབ་གོས་གསར་བཟོ་ཐལ་ཆེ་བའི་སྐྱོན་ལྡན་པ། དཔེར་ན་རྔོན་པའི་དགེ་རྒན་གྱི་པང་ཁེབས་སྟེང་ནོར་བུ་མེ་འབར་དང་། དེ་མིན་རྔོན་པ་གཞན་གྱི་པང་ཁེབས་ཐོག་ཊམ་ཀའི་རི་མོ་ཆེ་མོ་རེ་རྫིག་རྫིག་ཚུལ་དུ་བཀོད་འདུག  དེ་ལྟ་བུ་གསར་བཟོ་གནང་བ་དགོས་པ་ཆེར་མ་མཐོང་། མ་གཞི་ནས་རྔོན་པའི་པང་ཁེབས་དེའང་གཅིག་གིས་གཅིག་ལ་ལད་མོ་བྱས་ཏེ་དར་ཁྱབ་སོང་བ་ཡིན་པ་ཙམ་ལས་སྔ་དུས་སུ་དེ་ནི་སྐེད་རགས་ཀྱི་སྣེ་འཛར་དམར་པོ་དེ་ཁོ་ན་ཡིན་པ་ལས་པང་ཁེབས་ཟེར་བ་དེ་འདྲ་མེད། དེང་དུས་ལྷ་མོ་ཚོགས་པའི་རྔོན་པའི་སྨད་ལ་པང་ཁེབས་བཏགས་སྲོལ་ཡོད་པ་དེ་ང་ཚོས་ཁས་ལེན་བྱ་དགོས་པ་ཞིག་ཡིན་ནའང་། དེའི་ཐོག་ནོར་བུ་མེ་འབར་དང་ཊམ་ཀ་ལྟ་བུའི་རྒྱན་སྤྲོས་རི་མོ་གང་བྱུང་བཀོལ་སྲོལ་མེད། དེ་བཞིན་འགྲོ་བ་བཟང་མོའི་འཁྲབ་སྟོན་ནང་རྒྱལ་པོ་ཀྭ་ལ་དབང་པོ་ཐོག་མར་གར་སྟེགས་ཐོག་ཕྱག་ལ་ཕེབས་དུས་དབང་གི་རྟགས་སུ་གཞི་དམར་པོ་ཡིན་པའི་རྒྱལ་འབག་ཞིག་བཏགས་ཡོད་ནའང་། འབག་དེར་སྨྲ་ར་དཀར་པོ་བཏང་ཡོད་སྟབས་རྒྱལ་པོ་ལོ་ན་བགྲེས་པའི་ངང་ཚུལ་ལ། དབང་ཐང་ལང་ཚོ་རྒུད་པའི་རྣམ་པ་མངོན་གྱི་འདུག འགྲོ་བ་བཟང་མོའི་གཞུང་དངོས་ནང་རྒྱལ་པོ་ཀྭ་ལ་དབང་པོས་རི་ལ་ཁྱི་ར་བསྐྱོན་པའི་བྱ་སྤྱོད་ལ་གཞིགས་ན། རྒྱལ་པོ་དེ་རྒན་འཁོགས་མ་ཡིན་པ་གསལ་པོ་རེད། དེར་བརྟེན་སྐབས་དོན་རྒྱལ་པོའི་ངོ་ལ་འབག་བཏགས་དགོས་ངེས་ཀྱི་དབང་དུ་བཏང་ནའང་། འབག་དམར་པོའི་ཐོག་སྨྲ་ར་ནག་པོ་བྱུང་ཚེ་དོན་ལ་གནས། རྒྱལ་འབག་དམར་པོའི་ཐོག་སྨྲ་ར་དཀར་པོ་བཏང་བ་ནི་མ་དག་གསར་བཟོ་ལྟ་བུར་མཐོང་།   

    སྤྱི་ཚོགས་ཀུན་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལས་ཀར་སྣང་ཆེན་བྱེད་ཅིང་ཡོད་པའི་ཚེ་ན། ཞིང་གྲོང་ཁག་ཏུ་དམངས་ཁྲོད་ལྷ་མོ་ཚོགས་པ་བསྐྱར་འཛུགས་དང་། འཁྲབ་གོས་གསར་བཟོ་བྱེད་པའི་སྐུལ་སློང་ཤུགས་ཆེར་བྱུང་ཡོད་པ་དེ་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་ཡིན་མོད། འོན་ཏེ། འཁྲབ་ཆས་གསར་བཟོ་ཡང་ན་གསར་པ་ཉོས་རུང་འཁྲབ་གོས་ཀྱི་གཏན་སྲོལ་ལ་བརྩི་འཇོག་ཞུ་དགོས། འཁྲབ་གོས་བཟོ་དུས་སྔར་སྲོལ་ལ་བརྩི་འཇོག་དང་། འཁྲབ་ཆས་སྐོར་གྱི་རིག་གནས་ལ་རྒྱུས་མངའ་ཡོད་དགོས་པ་ལས། མི་སྒེར་གྱིས་རང་འདོད་བཞིན་གསར་བཟོ་བྱས་ན་གཏན་ནས་མི་འགྲིག ཐ་ན་འཚེམ་བུ་མཁས་ཅན་ཞིག་ཡིན་ནའང་ལྷ་མོའི་འཁྲབ་ཆས་སྐོར་ལ་དོན་དམ་གྱི་ཉམས་མྱོང་མེད་ཚེ། རྟ་མགོ་ལུག་སྦྱར་ལྟ་བུའི་བཞད་གད་ཀྱི་གནས་ཚུལ་ཐོན་སྲིད།

    བཞི། འཁྲབ་སྟོན་གྱི་ཡོ་བྱད་གཏན་འབེབས་ལྟར་བེད་སྤྱོད་འཚམ་པོ་གཏོང་མ་ཐུབ་པའི་སྐྱོན།

    ལྷ་མོའི་འཁྲབ་གཞུང་ལ་མཁོ་བའི་གྲུ་དང་། གྲུ་སྐྱ། རས་དང་། མདའ་དར། རྟ་ལྕག་སོགས་ཡོ་བྱད་ཆེ་ཆུང་སྣ་གྲངས་མང་པོ་རེད། ཡོ་བྱད་དེ་དག་གིས་སྒྱུ་རྩལ་གྱི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་མཚོན་བྱེད་རྒྱུར་ཕན་ཐོགས་ཆེ། ཡོ་བྱད་དེ་དག་རང་རང་གི་ཁྱད་ཆོས་ལ་བརྟེན་ནས་རང་གནས་སུ་བཀོལ་བ་ལས་གང་བྱུང་དུ་སྤྱོད་སྲོལ་མེད། འོན་ཏེ། ཉེ་བའི་ལོའི་ནང་ལྷ་མོ་ཚོགས་པ་ཕལ་ཆེ་བས་འཁྲབ་སྟོན་སྐབས་ཡོ་བྱད་ཀྱི་ཁྱད་ཆོད་ལ་བརྩི་འཇོག་མེད་པར་རང་སྣང་གང་དྲན་གྱིས་བཀོལ་བའི་རྣམ་པ་མང་། དཔེ་བླངས་ན། གཟུགས་ཀྱི་ཉི་མའི་འཁྲབ་སྟོན་སྐབས་སུ་རྒན་རྒོན་གཉིས་ཀྱིས་ཀ་ཅི་དཀར་པོའི་རས་གོས་དྲི་མེད་ཞིག་དྲང་སྲོང་ལ་ཕུལ་བའི་སྐབས་སུ། ཁོང་ཚོས་ཀ་ཅིའི་རས་གོས་དེའི་ཚབ་ཏུ་སྒྲིལ་རས་དཀར་པོ་གཉེར་དྲེག་གིས་ཁེབས་པ་ཞིག་བེད་སྤྱོད་བཏང་སོང་། རས་གོས་དེ་ཧ་ཅང་སྟབས་བདེ་ཞིང་། ཞན་དྲག་པའི་སྐྱོན་ལྡན། མ་གཞི་འཁྲབ་སྟོན་ནང་མཁོ་བའི་ཀ་ཅི་དཀར་པོའི་རས་གོས་དེ་ཡོ་བྱད་ཆུང་ཆུང་ཞིག་ཡིན་ནའང་། དྲང་སྲོང་གིས་རས་གོས་དེ་བཀྲུས་པའི་ཆུ་རྣམས་ཤྭ་མོས་བཏུང་བས་ཤྭ་མོ་དེར་གཟུགས་ཀྱི་ཉི་མ་འཁྲུངས་པར་གཞིགས་དུས། རས་གོས་དེ་སྤྱིར་བཏང་ཞིག་ཡེ་ནས་མ་ཡིན་པར། གཏམ་རྒྱུད་ཀྱི་འབྱུང་རྐྱེན་གཙོ་བོར་ཐུགས་ཡོད་པས། དེ་ནི་འཁྲབ་སྟོན་ཡོ་བྱད་ཁག་གི་ནང་ནས་གལ་ཆེ་ཤོས་དེར་བརྩི་དགོས། གལ་ཏེ་སྐབས་དེའི་འཁྲབ་སྟོན་ཐོག་ཀ་ཅིའི་རས་གོས་དཀར་པོ་ཅུང་སྤུས་ཀ་དག་ཙམ་ཞིག་བེད་སྤྱོད་བྱས་ཚེ། འཁྲབ་གཞུང་དངོས་ཀྱི་ནང་དོན་ལ་འཚམས་ཤོས་ཡིན། དེ་བཞིན་སྲས་ཟླ་བའི་སེང་གེ་དཔོན་གཡོག་བཅས་པ་གྲུ་གཟིངས་དུ་བཞུགས་ནས་ཕྱག་ལ་ཕེབས་སྐབས་ཆུ་རིས་ཆུ་བྱ་བཀོད་པའི་རས་ཀྱི་གྲུ་ཡག་པོ་ཞིག་བཟོས་འདུག་མོད། སེམས་ཕངས་དགོས་པ་ཞིག་ལ། གྲུ་དེ་གར་སྟེགས་ཐོག་བཀོལ་བའི་སྐབས་སུ་གྲུ་པ་གཉིས་གྲུའི་ཕྱི་ངོས་སུ་བསྡད་དེ་གྲུ་བཏང་སོང་། འཛམ་བུ་གླིང་དུ་གྲུ་པས་གྲུའི་ནང་དུ་བསྡད་དེ་གྲུ་གཏོང་བ་ལས་ཆུའི་ནང་དུ་མཆོངས་ཏེ་གྲུ་གཏོང་མཁན་དེ་འདྲ་ཡོད་སྲིད་དམ། གྲུ་སྐྱའི་ཚབ་ཏུ་མདའ་དར་བེད་སྤྱོད་གཏོང་བ་དང་། ཕུར་པའི་ཚབ་ཏུ་མདའ་དར་སྤྱོད་པའང་ཉུང་ཉུང་མ་རེད།མདའ་དར་ནི་བཀྲ་ཤིས་གཡང་འགུག་གི་རྟགས་སུ་མཁའ་ལ་འཕྱར་བ་ལས་ས་ལ་འདྲུས་པའི་དཔེ་ཡོད་མི་སྲིད། ལྷ་མོའི་འཁྲབ་གཞུང་ཡིན་རུང་འཚོ་བ་དངོས་ལ་བརྩི་འཇོག་ཞུས་ཏེ་འཁྲབ་དགོས་པ་ལས་རང་སྣང་གང་དྲན་བྱ་མི་ཉན།

    མཇུག་གི་གཏམ།

    འཇིག་རྟེན་འདི་ན། ལས་རིགས་དང་། གོ་ས། གནས་འབབ་སོགས་ཀྱི་དབྱེ་བ་མེད་པར་ཀུན་གྱིས་ནམ་འཆིའི་བར་དུ་དང་དུ་ལེན་དགོས་པ་ནི་དཔེ་དེབ་ལྟ་ཀློག་བྱ་རྒྱུ་དེ་རེད། ལྷག་པར་དུ་ད་ལྟའི་སྐབས་སུ། སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ་དུས་བསྟུན་འཕེལ་རྒྱས་གཏོང་དགོས་པའི་བླང་བྱར་གཞིགས་ན། ལྷ་མོ་བ་ཚོས་ལྷ་མོའི་རྣམ་ཐར་བརྒྱད་ཀྱི་དཔེ་དེབ་ལྟ་ཀློག་མང་ཙམ་བྱ་དགོས། རྣམ་ཐར་བརྒྱད་ཀྱི་དཔེ་དེབ་ལྟ་རྒྱུར་སྣང་ཆེན་མ་བྱས་ཚེ། འཁྲབ་སྟོན་གྱི་ཆུ་ཚད་ཡར་རྒྱས་ཡོང་ཁག་པོ་རེད། འདིར་བརྗོད་པའི་འཁྲབ་སྟོན་གྱི་ཆུ་ཚད་ཟེར་བ་ནི་རྣམ་ཐར་དང་།འཁྲབ་འཁྱེར་བྱང་ཆུབ་པ་ཙམ་གྱིས་མི་ཆོག་པར། འཁྲབ་གཞུང་གི་ནང་དོན་ཆེ་མ་ཆུང་གསུམ་ཁོང་དུ་ཆུད་པ་དང་། མི་སྣའི་འཁྲབ་གོས་དང་། འཁྲབ་སྟོན་ཡོ་བྱད་སོགས་ཀྱི་ཐད་ཆ་རྒྱུས་ཡོད་དགོས། ལྷ་མོ་བ་ཚོས་ལས་ཀའི་ཞོར་དུ་ལྷ་མོའི་རྣམ་ཐར་བརྒྱད་ཀྱི་དཔེ་དེབ་ཞིབ་གཟིགས་གནང་ཐུབ་ཚེ། རང་ཉིད་ལ་ཕན་ཆེ་བ་ཙམ་མ་ཟད། དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་སྐྱོན་བྲལ་ཡང་དག་ཐོག་རྒྱུན་འཛིན་བྱེད་པར་མཁོ།

    མཇུག་ཏུ་ཞུ་རྒྱུར་གོང་གསལ་མ་རྟོགས་ལོག་པར་བཤད་པའི་ཚུལ་ཡོད་ན་བཀའ་སློབ་ཡོ་བསྲང་གནང་རྒྱུའི་འདུན་པ་ཆེའོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།