[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • མངོན་མིན་རིག་གནས་ཤུལ་བཞག་ལས་མང་ཚོགས་ལ་འབབ་འཕར་བྱུང་བ།

    —— བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2021-10-07

    ལྷ་སའི་བར་སྐོར་ནང་གི་ད་བར་ལོ་200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་བཟོའི་སྲོལ་རྒྱུན་སྒོ་ར་ཞིག་གི་ནང་བཟོ་བོ་བཅུ་གྲངས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ཐང་ག་བཞེངས་བཞིན་ཡོད།

    ལོ་25ལ་སླེབས་པའི་བསོད་ནམས་ནོར་ལྷ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནས་ཡིན་པ་དང་། ཁོང་དང་ལག་རྩལ་པ་བཅུ་ཙམ་གྱིས་བཞེངས་བཞིན་པའི་ཐང་ག་དེ་ཀུན་གྱིས་རྒྱུས་མངའ་ཆེ་བའི་བོད་ཀྱི་ལག་བྲིས་ཐང་ག་དང་མི་འདྲ་བར་དེ་ནི་གོས་ཐང་ཞིག་རེད།

    གོས་ཐང་ལ་གོས་གྲུབ་ཐང་ག་ཡང་ཟེར་ཞིང་། དེ་ནི་བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་དམངས་ཁྲོད་ལག་ཤེས་དང་རི་མོའི་འབྲི་རྩལ་ཟུང་དུ་འབྲེལ་བའི་བཟོ་དབྱིབས་སྒྱུ་རྩལ་ཞིག་ཡིན་པས་ད་བར་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་ཡོད། དེའི་ནང་དོན་གཙོ་བོ་ཆོས་ལུགས་དང་། རིག་གནས། ལོ་རྒྱུས་སོགས་དང་འབྲེལ་བ་ཡོད་པ་དང་། 2021ལོར་ལྷ་སའི་གོས་ཐང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་ལྔ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་ཚུད་ཡོད།

    “ཐང་ག་འདི་ལྟ་བུ་ཞིག་བཞེངས་པར་ལོ་གཉིས་ཙམ་འགོར་གྱི་ཡོད། གང་ལགས་ཤེ་ན་སྤུས་ཀ་ལེགས་པ་དང་སྒྱུ་རྩལ་གྱི་རིན་ཐང་ཆེ་བས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས་རེད། སློབ་ཆུང་ཐོན་རྗེས་ཁྱིམ་དུ་ཕྱུགས་འཚོས་ནས་སྡོད་པའི་ང་སྲིད་གཞུང་གི་རོགས་རམ་འོག་ལྷ་སར་སྲོལ་རྒྱུན་གྱི་ལག་རྩལ་སྦྱོང་བར་ཡོང་བ་ཡིན། མིག་སྔར་ཟླ་རེར་ཡོང་འབབ་སྒོར་5000ལྷག་ཙམ་ཡོང་གི་འདུག གོས་ཐང་ལག་ཤེས་ལས་ངའི་མི་ཚེའི་ལམ་བུར་འགྱུར་ལྡོག་བྱུང་སོང”ཞེས་བསོད་ནམས་ནོར་ལྷས་བརྗོད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བསོད་ནམས་ནོར་ལྷ་གནས་སའི་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁྲིད་སྦྱོང་རྟེན་གཞི་དང་ཐང་གའི་ལྟེ་བའི་རི་མོ་ཁང་2013ལོར་བཙུགས་ཚུན། རིམ་རྩིས་བྱས་ན་གཞི་རིམ་གྱི་དུད་ཚང་དབུལ་པོའི་བུ་ཕྲུག་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    མིག་སྔའི་བར་བོད་དུ་ཐང་ག་བཞེངས་མཁན་3000ལྷག་ཙམ་དང་ཉེ་འཁོར་གྱི་ཐོན་ལས་མི་སྣ་ཁྲི་གཅིག་ལྷག་ཙམ་ཟིན་ནས་ལས་གཉེར་མི་སྣ་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ལྷོ་ཁ་སོགས་སུ་ཁྱབ་སྟེ་ལྗོངས་ཡོངས་ཀྱི་ཐང་གའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་གྱི་ཡོད་པ་རེད། 

    མདུན་ལམ་བཟང་བའི་ཐང་གའི་ཐོན་ལས་ནི་མཚོན་ཚུལ་ཙམ་རེད། འདས་ཟིན་པའི་ལོ་10ལྷག་ཙམ་རིང་རིམ་ཁག་སྲིད་གཞུང་གིས་རོགས་སྐྱོར་ཤུགས་ཆེན་དང་ཁྲིད་སྟོན་ཧུར་ཐག་བྱས་པར་བརྟེན་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་བྱུང་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག གྲོང་གསེབ་དར་རྒྱས་དང་གྲོང་མི་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། 2006ལོ་ནས་བཟུང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་བ་དང་རང་སྐྱོང་ལྗོངས་ཀྱིས་སྒོར་ཁྲི་9600ཙམ་བཏང་ནས་བོད་ཀྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གསོ་སྦྱོང་དང་རྒྱུན་འཛིན་པ་སྐྱོང་བའི་ཁྲིད་སྦྱོང་བྱེད་སྒོ་སྤེལ་བ་སོགས་ཀྱི་ཐད་སྤྱད་པ་རེད།

    མིག་སྔར་བོད་ཀྱི་གླིང་སྒྲུང་དང་། ལྷ་མོ། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་ནང་ཚུད་ཡོད་པ་རེད། ལྷ་སའི་གོས་ཐང་སོགས་རྣམ་གྲངས་106རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་དང་མི་96རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་རེད།

    2021ལོའི་དུས་ཚིགས་དང་པོའི་དུས་མཇུག་བར། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལས་ཞུགས་བཟོ་ཁང་120ཡིས་དུད་ཚང་2271གི་མི་3053ལ་ཐད་ཀར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་། མི་རེའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་3200ལྷག་ཙམ་ཟིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དང་ཁེ་ལས་80ཙམ“མངོན་མིན་རིག་གནས་ཤུལ་བཞག་ཉོ་སྒྲུབ་དུས་ཆེན”གྱི་དྲ་ཕྱིའི་བྲིན་ཚོང་བྱེད་སྒོར་ཞུགས་པར་བྲིན་ཚོང་དངུལ་འབོར་སྒོར་ཁྲི་574ཟིན་ཡོད། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།