[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • ལྷ་འབྲི་བ་བྱང་ཆུབ་ཆོས་འཕེལ་གྱིས།

    ཚོན་མདོག་རྣམ་བཀྲའི་ངོ་མཚར་ལམ་བུ་བཏོད། བཟོ་རྩལ་རྨད་བྱུང་ཕུགས་འདུན་རྒྱུན་འཛིན་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-09-11

    ཐང་ག་ནི་བོད་ཀྱི་རིག་གནས་ཀྱི“ཤེས་བྱ་ཀུན་བཏུས”ལྟ་བུ་ཞིག་རེད། བཤད་རྒྱུན་ལ་དེ་ནི་སྲོང་བཙན་སྒམ་པོའི་སྐབས་ནས་དར་ཞིང་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་བསྟུན་ནས། ཐང་གའི་སྒྱུ་རྩལ་ཡང་དར་ཁྱབ་ཤུགས་ཆེན་བྱུང་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཐང་གའི་ཞིབ་འཇུག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ལ། དུས་རབས་གསར་པའི་རིག་གནས་རྒྱུན་འཛིན་དང་བརྒྱུད་སྤེལ་ཁྲོད་དུ་ལོ་ན་གཞོན་པའི་ཐང་གའི་སྒྱུ་རྩལ་མཁས་ཅན་ཡང་ཁག་གཅིག་ཐོན་ཡོད། ཁོང་ཚོས་ལོ་རྒྱུས་རིང་བའི་ཐང་ག་བཞེངས་རྩལ་རྒྱུན་འཛིན་བྱེད་པའི་དུས་མཚུངས་རང་ཉིད་ཀྱི་བསམ་ཕྱོགས་གསར་པའང་མཉམ་འདྲེས་བྱས་ནས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་བསྣན་ཞིང་། ཁོང་ཚོའི་བརྩམས་ཆོས་ལ་སྲོལ་རྒྱུན་གྱི་ཉིང་བཅུད་ལྡན་པ་མ་ཟད། ད་དུང་དུས་རབས་ཀྱི་ཁྱད་ཆོས་ཡང་ཡོད། “ལོ་རབས་དགུ་བཅུའི་ནང་སྐྱེས”ཀྱི་ཐང་གའི་རྒྱུན་འཛིན་པ་བྱང་ཆུབ་ཆོས་འཕེལ་ནི་དེ་དག་ཁྲོད་ཀྱི་གྲས་ཤིག་རེད།

    ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར“སོར་རྩེའི་འཁྱུག་འགྲོས”སྨན་ཐང་ལུགས་ཀྱི་རྒྱུན་འཛིན་པ་བྱང་ཆུབ་ཆོས་འཕེལ་གྱི་ཐང་གའི་བརྩམས་ཆོས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་ཉིན་5བྱས་པ་རེད། ཐེངས་འདིའི་བྱེད་སྒོར་བྱང་ཆུབ་ཆོས་འཕེལ་སྒེར་གྱི་ཐང་གའི་བརྩམས་ཆོས་35འགྲེམས་སྟོན་བྱས་པའི་ནང་བརྩམས་ཆོས་32ནི་སྨན་ཐང་ལུགས་ཀྱི་ཁོངས་སུ་གཏོགས་པ་དང་། བརྩམས་ཆོས་གཞན་3ནི་ལུགས་གཞན་གྱི་རི་མོའི་ཉམས་འགྱུར་གྱི་ཁོངས་སུ་གཏོགས།

    1990ལོར་བྱང་ཆུབ་ཆོས་འཕེལ་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་། ཆུང་དུས་ནས་ལྷ་འབྲི་བ་ཡིན་པའི་ཨ་ཞང་གི་ཤུགས་རྐྱེན་འོག་ལོ་6ནས་བཟུང་མི་སྣ་དང་མཛེས་ལྗོངས་སོགས་ཀྱི་རི་མོ་འབྲི་རྩལ་སྦྱངས་ཤིང་། རི་མོའི་ཤེས་རབ་ཀྱང་རིམ་བཞིན་འཕེལ། ལོ་17ལ་སླེབས་སྐབས་ལག་རྩལ་སྣ་གཅིག་ཤེས་པའི་ཆེད་དུ་བྱང་ཆུབ་ཆོས་འཕེལ་ནག་ཆུ་ནས་ལྷ་སར་དབྱིན་ཡིག་སྦྱོང་བར་ཡོང་།

    ཉིན་ཞིག་བྱང་ཆུབ་ཆོས་འཕེལ་གྱིས་བརྙན་འཕྲིན་ནས་ལག་ཟུང་མེད་པའི་དབང་པོ་སྐྱོན་ཅན་ཞིག་གིས་བློ་བརྟན་འགྱུར་མེད་ངང་དཔུང་པ་གཉིས་ལ་བརྟེན་ནས་རི་མོ་བྲིས་ཏེ་ལྷ་འབྲི་བ་ཕུལ་བྱུང་ཞིག་ཏུ་གྱུར་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལེ་ཚན་ཞིག་མཐོང་། མི་སྣ་གཙོ་བོའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་ཐང་གའི་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་གྱིས་སེམས་ནུས་ཡོད་རྒུ་བཏོན་ནས་གསོ་སྐྱོང་བྱས་པའི་གཏམ་རྒྱུད་ལས་བྱང་ཆུབ་ཆོས་འཕེལ་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས་ཀྱང་རྒན་བསྟན་པ་རབ་བརྟན་གྱི་མཛུབ་སྟོན་དང་གསོ་སྐྱོང་ཐོབ་རེ་བྱས་ཤིང་། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་ལ་ལེགས་སྐྱེས་ཕྲན་བུ་འབུལ་རྒྱུའི་རེ་བའང་བཅོལ་བ་རེད།

    དེས་ན་ཁོང་གིས་རང་ཉིད་ཀྱི་བརྩམས་ཆོས་འཁྱེར་ནས་རྒན་བསྟན་པ་རབ་བརྟན་ལགས་ཀྱིས་གཉེར་བའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད། ཐོག་མར་སློབ་ཁང་ནང་སློབ་མས་ཁེངས་ནས་ཁོང་ལ་སྡོད་སའང་རག་མེད། བྱང་ཆུབ་ཆོས་འཕེལ་གྱིས་སེམས་ཤུགས་མི་ཉམས་་པར་བློ་རྩེ་གཅིག་ཏུ་བསྒྲིམས་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ལྟ་སྦྱོང་བྱས་ཏེ་སློབ་ཁང་ཕྱི་རོལ་དུ་སློབ་སྦྱོང་ཟླ་ཕྱེད་ལྷག་ཙམ་བྱས། ཁོང་གི་སློབ་སྦྱོང་གི་རྣམ་འགྱུར་ལ་རྒན་བསྟན་པ་རབ་བརྟན་ལགས་ཀྱི་ཁས་ལེན་ཐོབ་པ་མ་ཟད་ཁོང་དགེ་ཕྲུག་ལ་ཉར། རྒན་བསྟན་པ་རབ་བརྟན་ལགས་ཀྱི་སློབ་ཁྲིད་དང་ལོ་5དཀའ་སྤྱད་སློབ་སྦྱོང་བྱས་པ་བརྒྱུད། ཁོང་གིས་སྨན་ཐང་ལུགས་ཀྱི་སྐྱ་བྲིས་ལག་རྩལ་དང་ཚོན་བཀོལ་སྟངས་ཁོང་དུ་ཆུད་ནས་ཚོན་མདོག་སྐྱ་སྨུག་རན་པ་དང་། སྣུམ་ཞག་དོད་ཅིང་མིག་ལ་མཛེས་པ། མི་སྣའི་གཟུགས་བརྙན་གསོན་པོ་ལྟར་དུ་སྣང་བ། སྲོག་ཆགས་དང་རྩི་ཤིང་གསོན་ཉམས་དོད་པ་བཅས་ཀྱི་རང་ཉིད་ཀྱི་རི་མོའི་ཉམས་འགྱུར་ཞིག་གྲུབ། སྨན་ཐང་ལུགས་ཀྱི་ཐང་ག་མང་པོ་བཞེངས་རྗེས་ཁོང་གིས་ཐབས་ལམ་གསར་པ་འཚོལ་འགོ་བཙུགས་ཤིང་། རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་སྣུམ་ཚོན་རི་མོ་རང་ཉིད་ཀྱི་ཐང་གའི་སྒྱུ་རྩལ་ཁྲོད་འདྲེས་ཐབས་བྱས་ཡོད།

    རྒན་བསྟན་པ་རབ་བརྟན་ལགས་ཀྱི་ཐང་གའི་སྒྱུ་རྩལ་སློབ་གྲྭར་སློབ་སྦྱོང་བྱེད་རིང་། བྱང་ཆུབ་ཆོས་འཕེལ་གྱིས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་པ་རེད། ཉིན་མོར་དགེ་རྒན་གྱི་སར་སློབ་སྦྱོང་བྱེད་པ་དང་སློབ་གྲྭ་གྲོལ་རྗེས་དཀའ་སྤྱད་སྦྱོང་བརྡར་བྱས་ཏེ་ཉིན་ལྟར་མཚན་གུང་ལ་སླེབས་སྐབས་གཞི་ནས་ངལ་གསོ་རྒྱག་གི་ཡོད། “སློབ་གྲྭར་སྡོད་སྐབས་ངས་རང་ཉིད་ལ་དམིགས་ཚད་ཅིག་གཏན་འཁེལ་བྱས་པ་ནི་ཐང་གའི་ལས་དོན་ཁང་ཞིག་འཛུགས་རྒྱུ་དེ་ཡིན”ཞེས་ད་ལོ་ལོ་30ལ་སླེབས་པའི་བྱང་ཆུབ་ཆོས་འཕེལ་གྱིས་འཚེར་སྣང་དང་བཅས་བཤད་ཀྱང་ཁོང་གི་བློ་རྩ་བརྟན་པོ་ཡོད་པ་ངང་གིས་ཚོར་ཐུབ།

    ཐང་གའི་བརྩམས་ཆོས་ཆ་ཚང་ཞིག་བཞེངས་པར་དུས་ཚོད་མང་པོ་དང་སེམས་ནུས་ཆེན་པོ་འདོན་དགོས་ཀྱི་ཡོད། རང་རྐྱ་འཕེར་བའི་ངང་ཐང་ག་ཞིག་བཞེངས་ཐུབ་པ་ནས་བཟུང་བྱང་ཆུབ་ཆོས་འཕེལ་གྱིས་རིམ་བཞིན་རང་ཉིད་ཀྱི་བརྩམས་ཆོས་བསགས་པས་འདི་ལོའི་སྒེར་གྱི་ཐང་གའི་བརྩམས་ཆོས་འགྲེམས་སྟོན་ཐོག་གི་བརྩམས་ཆོས་35གྲུབ་ཡོད། ཐང་གའི་སྒྱུ་རྩལ་སློབ་གྲྭ་ནས་ཐོན་རྗེས་བྱང་ཆུབ་ཆོས་འཕེལ་གྱིས་ཐང་གའི་རྒྱུན་འཛིན་པ་གཞན་6དང་མཉམ་དུ་ལས་དོན་ཁང་བཙུགས་པས་དེ་སྔའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

    ལྷ་སའི་ལྷོ་ཕྱོགས་སུ་གནས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དང་གསེར་ཐང་བོད་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་གི་ཨར་ལས་བྱ་ཡུལ་དུ་བཟོ་པ་ཚོས་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་བཞིན་ཡོད་པ་དང་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་མཆིས། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་གཉེར་སྐྱོང་མ་འཇོག་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཚེ་མཆོག་གླིང་རིག་གནས་བསམ་བཀོད་མ་འཇོག་ཚད་ཡོད་ཀུང་སིས་མ་རྐང་ཚོད་འཛིན་གྱིས་བོད་ལྗོངས་གསེར་ཐང་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ། རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཤོས་དང་ཐོན་ལས་འཁོར་འབྲེལ་ཆ་ཚང་ཤོས་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་ཐོག་མ་དེ་བཏོད་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་རྨང་གཞིར་བྱེད་པ་དང་། སྒྱུ་རྩལ་དང་། ཡུལ་སྐོར། རིག་གནས། ཟོག་ཉོ། སློབ་སྦྱོང་། མྱོང་རོལ་རྣམ་པའི་ཉམས་ལེན་སོགས་བྱེད་ནུས་སྣ་ཚོགས་དང་སྣ་མང་ཅན་གྱི་ཀྲུང་ཧྭའི་ཁྱད་ལྡན་རིག་གནས་གཅིག་ཏུ་འདུས་པའི་ཐོན་ལས་ཕྱོགས་བསྡུས་གླིང་ཞིག་བསྐྲུན་འཆར་ཡོད་པ་དང་། རྣམ་གྲངས་དེས་བོད་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་དང་ཐང་གའི་རྟེན་རྫས་བཤམས་མཛོད་ཁང་ལྟེ་བར་བྱས་ཏེ་ལྷ་འབྲི་བའི་ལས་དོན་ཁང་དང་། ཐང་ག་འགྲེམས་སྟོན་དང་བྲིན་ཚོང་ལྟེ་གནས། གསར་རྩོམ་ལས་རིགས་སློབ་གསོ་ལྟེ་གནས། ཐང་གའི་ཐོན་རྫས་དྲ་སྦྲེལ་ཉོ་ཚོང་ལས་སྟེགས། ས་ཁུལ་དབུལ་པོའི་མི་སྣའི་ཐང་གའི་གསོ་སྦྱོང་སློབ་གྲྭ་སོགས་བྱེད་ནུས་ཁུལ་མང་པོ་བསྐྲུན་རྒྱུ་རེད། མིག་སྔར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན(རང་སྐྱོང་ལྗོངས)རིམ་པའི་ཐང་ག་བཞེངས་མཁན་མང་པོ་ལྷ་འབྲི་བའི་ལས་དོན་ཁང་ལ་ཞུགས་ནས་གླིང་ཁུལ་དུ་བཅའ་སྡོད་བྱས་ཡོད། ན་ནིང་བྱང་ཆུབ་ཆོས་འཕེལ་གྱི་ལས་དོན་ཁང་ཡང་བདེ་བླག་ངང་དེར་གཞིས་ཚུགས་ཡོད།

    ལས་དོན་ཁང་གི་གྱང་ལྡེབས་སུ་བྱང་ཆུབ་ཆོས་འཕེལ་གྱི་བརྩམས་ཆོས《ཕོ་བྲང་པོ་ཏ་ལ》དང《ནོར་ལྷ》སོགས་བཀལ་འདུག “ཐང་གའི་སྒྱུ་རྩལ་མཁས་ཅན་གླིང་ཁུལ་དུ་གཅིག་སྡུད་ཐུབ་ཚེ་ཕན་ཚུན་སློབ་སྦྱོང་བྱས་ནས་ལག་རྩལ་ལེགས་སུ་གཏོང་ཐུབ། གླིང་ཁུལ་གཉེར་སྐྱོང་ཡག་པོ་ཐུབ་ན་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་ནུས་པ་ཆེན་པོ་ཐོན་རྒྱུ་རེད”ཅེས་བྱང་ཆུབ་ཆོས་འཕེལ་གྱིས་བཤད།

    QQ截图20210911111959.png

    བྱང་ཆུབ་ཆོས་འཕེལ་གྱིས་ཐང་ག་བཞེངས་བཞིན་པ།

    1047539_yis_1631289600000_s.jpg

    ཐང་གའི་སྲོལ་རྒྱུན་གྱི་ཚོན་རྒྱུ།

    1047541_yis_1631289600000_s.jpg

    བྱང་ཆུབ་ཆོས་འཕེལ་དང་རྒན་བསྟན་པ་རབ་བརྟན་ལཌ་ཀྱི་དྲན་རྟེན་པར་ཡིན་པ།

    1047545_yis_1631289600000_s.jpg

    བྱང་ཆུབ་ཆོས་འཕེལ་གྱིས་ཐང་གར་གོས་གཤམ་གཏོང་བཞིན་པ།

    1047547_yis_1631289600000_s.jpg

    བྱང་ཆུབ་ཆོས་འཕེལ་གྱི་ཐང་གའི་བརྩམས་ཆོས《ཕོ་བྲང་པོ་ཏ་ལ》 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།