[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • སྲོལ་རྒྱུན་ལག་རྩལ་ལས་དུས་རབས་ཀྱི་ཉམས་འགྱུར་མངོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-04-24

    431359_yis_1619193600000_s.jpg

    འདི་ནི་གདོང་རྡོ་ལུགས་ཐང་གའི་རྒྱུན་འཛིན་བ་ཧོར་ནོར་བུ་གཡུལ་རྒྱལ(དཀྱིལ)གྱིས་སློབ་མར་ཐང་ག་བཞེངས་སྟངས་སློབ་བཞིན་པ།

    ཐང་ག་ནི་བོད་མི་རིགས་ཀྱི་རིག་གནས་ཀུན་བཏུས་ཆེ་མོ་ཞིག་ཡིན་ཞིང་། དུས་རབས་བདུན་པར་སྲོང་བཙན་སྒམ་པོའི་དུས་ནས་དར་བའི་རི་མོའི་སྒྱུ་རྩལ་འདིར་ད་བར་དུ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཆབ་མདོའི་ཐང་གའི་སྒྱུ་རྩལ་ལ་ས་ཁོངས་དང་རིག་གནས་མི་འདྲ་བ་དང་ལྷག་པར་དུ་ནང་སའི་རིག་གནས་དང་སྤེལ་རེས་བྱེད་རིང་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་ཆོས་ཤིག་གྲུབ་ཡོད་པ་རེད།

    1

    ཀརྨ་བདེ་ལེགས།

    ཀརྨ་སྒར་བྲིས་ལུགས་ཀྱི་སྲུང་སྐྱོང་བ།

    བོད་ཤར་རྒྱུད་དུ་ལྷ་འབྲི་བའི་སྐོར་གླེང་ཚེ་ཚང་མས་དེ་མ་ཉིད་དུ་ལོ་88ལ་སླེབས་པའི་བགྲེས་སོང་ཀརྨ་བདེ་ལེགས་བློ་ངོར་འཆར་ངེས། ཁོང་ནི་ཀརྨ་སྐར་བྲིས་ལུགས་ཀྱི་རྒྱུན་འཛིན་བ་མི་རབས་10པ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱིས“ཐང་གའི་སྒྱུ་རྩལ་མཁས་ཅན”དང“རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་བའི”མཚན་སྙན་གནང་བ་རེད།

    ལོ་ལྔ་ནས་བཟུང་ཁོང་གིས་བོད་ཡིག་འབྲི་སྦྱོང་གནང་འགོ་ཚུགས་པ་དང་ལོ་8ནས་བཟུང་ཐང་ག་བཞེངས་སྟངས་སློབ་སྦྱོང་གནང་འགོ་ཚུགས་པ་རེད། ཁོང་གི་དགེ་རྒན་ནི་ཨ་ཞང་དཀོན་མཆོག་རྡོ་རྗེ་དང་ཕ་ཤེས་རབ་བློ་བཟང་ཡིན་ལ། ཨ་ཞང་གིས་ཁོང་ལ་ཐང་ག་བཞེངས་སྐབས་གཙོ་ཆེ་བའི་རི་མོའི་བསྡུར་ཚད་དང་ཆེ་ཆུང་བསླབས་པ་དང་། ཕ་ཡིས་ཁོང་ལ་སྐྱ་རིས་དང་ཚོན་བྱུག་སྟངས་བསླབས་ཡོད།

    ལོ་16ལ་སླེབས་སྐབས་ཀརྨ་བདེ་ལེགས་ཀྱིས་སྦྱངས་པ་མཐར་ཕྱིན་ཞིང་། མཚོ་སྔོན་ནང་ཆེན་རྫོང་གི་དགོན་སྡེ་ཞིག་ལ་བྲིས་གནང་པའི་རྒྱལ་བ་བྱམས་པའི་མཛད་རྣམ་སྐོར་གྱི་ལྡེབས་རིས་ཁག་དགུ་དེ་ནི་རང་རྐྱ་འཕེར་བའི་ངང་ལེགས་སྒྲུབ་གནང་བའི་བརྩམས་ཆོས་ཐོག་མ་ཡིན་ལ། ཁོང་གིས་བཞེངས་གནང་བའི་ཐང་ག་དང་པོ་ནི་འཇམ་དཔལ་དབྱངས་ཀྱི་ཐང་ག་ཞིག་རེད།

    1980ལོར་ཀརྨ་བདེ་ལེགས་ཀྱིས་ཁོང་གི་ཚ་བོ་དགེ་ལེགས་རབ་རྒྱས་དགེ་ཕྲུག་དང་པོར་བསྡུས་པ་དང་། དེ་རྗེས་གྲོང་ཚོ་དང་། ཤང་། གྲོང་ཁྱེར་སོགས་ཡུལ་གཞན་ཙམ་མ་ཟད། མཐའ་ན་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་དགེ་རྒན་བསྟེན་པར་ཡོང་མཁན་ཡང་མང་ལ། མིག་སྔར་ཁོང་ལ་དགེ་ཕྲུག་500ལྷག་ཙམ་ཡོད་པ་རེད།

    2

    ནོར་བུ་གཡུལ་རྒྱལ།

    གདོང་རྡོ་ལུགས་ཐང་གའི་རྒྱུན་འཛིན་བ།

    ནོར་བུ་གཡུལ་རྒྱལ་ནི་གདུང་རྡོ་ལུགས་ཐང་གའི་ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་བ་དང་སྟེང་ཆེན་རྫོང་སློབ་འབྲིང་གི་སྲོལ་རྒྱུན་ཐང་གའི་འཛིན་གྲྭའི་དགེ་རྒན་ཞིག་ཡིན་ལ། ལོ་གཅིག་དུས་བཞིར་ཞིང་ལས་དང་འབྲོག་ལས་མཉམ་དུ་བྱེད་པའི་སྤྱིར་བཏང་གི་སྐྱེས་པ་དར་མ་ཞིག་ཀྱང་རེད།

    ནོར་བུ་གཡུལ་རྒྱལ་གྱིས་རང་གི་སྤོ་བོ་ཚེ་རིང་ཡར་འཕེལ་གྱི་ས་ནས་ཐང་ག་བཞེངས་སྟངས་སྦྱངས་པ་དང་། ཁོང་གིས་ཆབ་མདོ་གྲོང་ཁྱེར་ནས་སྤོ་བོའི་དགེ་ཕྲུག་མང་པོ་དང་མཉམ་དུ་ལོ་ཟླ་མང་པོར་སྦྱངས་པ་ལྷུར་ལེན་བྱས་ལ། 1991ལོ་ནས་1996ལོའི་བར། ནོར་བུ་གཡུལ་རྒྱལ་གྱིས་སྤོ་བོ་དང་མཉམ་དུ་སྡེ་དགེ་དང་། འཇོ་མདའ། རི་བོ་ཆེ། ནག་ཆུ། གཞིས་རྩེ་སོགས་སུ་བསྐྱོད་ནས་དགོན་སྡེའི་ལྡེབས་རིས་དང་ཐང་གར་ཉམས་བཟོ་བྱས་པ་རེད། 1996ལོར་ནོར་བུ་གཡུལ་རྒྱལ་གྱིས་རང་གཅིག་པུས་དགོན་སྡེ་དང་མང་ཚོགས་ཀྱི་ཁྱིམ་དུ་ཐང་ག་དང་ལྡེབས་རིས་ཉམས་གསོ་བྱེད་མགོ་ཚུགས་པ་རེད།

    2003ལོར་ནོར་བུ་གཡུལ་རྒྱལ་གྱིས་དགེ་ཕྲུག་བསྡུ་འགོ་བརྩམས་པ་ནས་བཟུང། ཁོང་གི་ཁྱིམ་དུ་དགེ་རྒན་བསྟེན་པར་ཡོང་མཁན་རྒྱུན་ཆད་མེད། ཁོང་གིས་སྤོ་བོའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་སློབ་མ་ཚོར་རང་གི་ཤེས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་སློབ་ཀྱི་ཡོད།

    3

    ཤེས་རབ་ཉི་མ།

    ཐང་གར་དུས་རབས་ཀྱི་ཁྱད་ཆོས་བསྣན་པ།

    ཤེས་རབ་ཉི་མ་ནི་སྨན་གསར་ལུགས་ཀྱི་ཐང་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་བ་ཞིག་རེད་ལ། གོ་འཇོ་རྫོང་དེའུ་དམར་སྒྱུ་རྩལ་རྒྱུན་འཛིན་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བའང་རེད།

    ལོ་12ལ་སླེབས་སྐབས་ཁོང་གིས་ཐོག་མར་ཐང་ག་བཞེངས་སྟངས་མཐོང་བ་ནས་བཟུང་ཡིད་དབང་རབ་ཏུ་འཕྲོག་ཅིང་སྤྲོ་སྣང་ཆེས་ཆེར་འཕེལ་ཏེ་ཐང་གའི་དགེ་རྒན་ཞིག་བྱེད་པའི་སེམས་ཐག་བཅད།

    པཱ་ལགས་ཀྱིས་རྒྱབ་སྐྱོར་བྱས་པར་བརྟེན་ཁོང་གིས་རབ་བྱུང་རྒྱལ་མཚན་ཐང་གའི་དགེ་རྒན་དུ་བསྟེན་པ་དང་། ལོ་15ནས་16བར་ཤེས་རབ་ཉི་མས་ལྷ་འབྲིའི་ལག་རྩལ་ངེས་ཅན་ཞིག་སྦྱངས་པ་དང་ཐང་གའི་གཞུང་ལུགས་ཀྱི་ཤེས་བྱ་ཡང་ཡར་ངོའི་ཟླ་བཞིན་འཕེལ། 2003ལོར་ཤེས་རབ་ཉི་མ་གོ་འཇོ་རྫོང་ནས་ཁ་བྲལ་ཏེ་ལྷ་སར་མུ་མཐུད་སློང་སྦྱོང་བྱེད་པར་བསྐྱོད་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་སྨན་ཐང་ལུགས་ཀྱི་ཐང་ག་མཁས་ཅན་བསྟན་པ་རབ་བརྟན་དགེ་རྒན་དུ་བསྟེན་པ་རེད། དགེ་རྒན་གྱི་ཤུགས་རྐྱེན་བཟང་པོའི་འོག་ཤེས་རབ་ཉི་མས་སྲོལ་རྒྱུན་ལྷ་འབྲིའི་རྨང་གཞི་ཁོང་དུ་བརྟན་པོར་ཆུད་པ་མ་ཟད། ཐང་གའི་སྒྱུ་རྩལ་ཁྲོད་དུ་རང་ཉིད་ཀྱི་གོ་བ་དང་བསམ་གཞིག་གསར་པའང་མཉམ་འདྲེས་གང་ལེགས་བྱས་པ་རེད།

    2017ལོར་ཁོང་ལྷ་ས་ནས་བྲལ་ཏེ་ཕ་ཡུལ་གོ་འཇོར་ལོག་ནས“དེའུ་དམར་སྒྱུ་རྩལ་རྒྱུན་འཛིན་ཆེད་ལས་མཉམ་ལས་ཁང”བཙུགས་ཏེ་རིག་གནས་རྒྱུན་འཛིན་དང་ཆབས་ཅིག ཡུལ་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད།

    ཤེས་རབ་ཉི་མས་མཉམ་ལས་ཁང་གིས་གཙོ་བོ་ཐང་ག་བཞེངས་པ་དང་། གཏེར་ཚོན་བཟོ་བ། བོད་སྤོས་གསར་བཟོ་བཅས་བྱེད་ཀྱི་ཡོད། མིག་སྔར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་7ཚུད་པའི་ཞིང་འབྲོག་པ་20ཡི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་ལོར་ཁེ་སྤོགས་སྒོར་ཁྲི་50ལྷག་ཙམ་ཡོད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།