[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • གནའ་བོའི་འབྲི་རྩལ་ལས་འོད་སྟོང་གསར་པ་འབར།

    —— རང་ལྗོངས་ཀྱི་ཐང་གའི་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-10

    ཐང་ག་ནི་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ལ་བོད་ཀྱི་རིག་གནས་གཅིག་ཏུ་འདུས་པའི་ཤེས་བྱ་ཀུན་བཏུས་ཆེ་མོ་ཞིག་དེ་བས་ཀྱང་ཡིན། ཉེ་བའི་ལོའི་རིང་རང་ལྗོངས་ཀྱི་ཐང་གའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་པ་དང་འབྲེལ་ཐོན་ལས་ཀྱི་རྨང་གཞི་ངེས་ཅན་ཞིག་ཆགས་ཡོད་པས་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་མཚམས་ཡག་ཤོས་སུ་སླེབས་ཡོད།

    དུས་ཡུན་རིང་པོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ལྷ་བྲིས་བ་དུ་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྨན་ཐང་དང་། སྨན་གསར། མཁྱེན་བརྩེ། ཀརྨ་སྒར་བྲིས་སོགས་ཀྱི་བྲིས་རྒྱུན་མི་འདྲ་བ་ཆགས་ཡོད།

    བོད་ཀྱི་རིག་གནས་ལོ་རྒྱུས་དང་བོད་བརྒྱུད་ནང་བསྟན་མཚོན་པའི་རི་མོའི་སྒྱུ་རྩལ་ཞིག་ཡིན་པས། ཐང་གའི་སྒྱུ་རྩལ་གྱི་རིན་ཐང་དང་ཉར་ཚགས་ཀྱི་རིན་ཐང་ལ་མི་རྣམས་ཀྱིས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། 2006ལོ་ནས་བཟུང་། བོད་ཀྱི་ཐང་ག་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་ནང་བཅུག་རྗེས། སླར་ཡང་འོད་སྟོང་འཕྲོ་བའི་བཀྲག་མདངས་འཚེར་ནས་འཛམ་གླིང་སྒྱུ་རྩལ་ལས་རིགས་ཀྱི་ཡིད་དབང་བཀུག་པ་རེད།

    565220_yis_1541485662210_s.jpg

    འདི་ནི་སྐབས་བརྒྱད་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སུ་ཞིབ་དཔྱད་ཨུ་ཡོན་གྱིས་འགྲེམས་ཞུགས་བརྩམས་ཆོས་འདེམས་བཞིན་པ།

    1、 ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    དེ་སྔའི་ཐང་ག་འབྲི་རྩལ་གྱི་རྒྱུན་འཛིན་ནི་གཙོ་བོ་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི“རང་རྒྱུད་ཁོ་ནར་སློབ་པའི་ཁྲིད་སྦྱོང”བྱེད་སྟངས་ཡིན་པས་འབྲི་རྒྱུན་མི་འདྲ་བའི་དགེ་རྒན་དབར་ཧ་ལམ་སྤེལ་རེས་བྱེད་ཀྱི་མེད་ལ། ཐང་ག་བཞེངས་པ་དེ་ཡང་ལས་སླ་པོ་ཞིག་མིན་པར་དུས་ཡུན་རིང་པོ་སློབ་སྦྱོང་དང་སྦྱོང་བརྡར་བྱས་རྗེས། གཞི་ནས་ཕུལ་དུ་བྱུང་བའི་ལྷ་བྲིས་བ་ཞིག་ཏུ་འགྱུར་གྱི་ཡོད། མི་མང་པོས་སློབ་སྦྱོང་གི་བརྒྱུད་རིམ་ནང་དཀའ་སྡུག་དང་དུས་ཚོད་འཁྱོལ་དཀའ་བའི་རྐྱེན་གྱིས་མཐའ་འཁྱོངས་ཐུབ་མཁན་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་སྐབས་ཤིག་རིང་ཐང་གའི་ལས་རིགས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་མེད་པའི་གནས་སུ་གྱར་ཡོད།

    ལྷ་བྲིས་བའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ལས་རིགས་ལག་རྩལ་སློབ་གླིང་དུ་འབྲེལ་ཡོད་ཆེད་ལས་བཙུགས་ཏེ་ལག་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཡོད་ལ་དམངས་ཁྲོད་ཀྱི་ཐང་གའི་སྒྱུ་རྩལ་སློབ་གྲྭས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྲིད་ཇུས་ཀྱི་རོགས་སྐྱོར་ཡང་བྱས་ཡོད། ལྷ་བྲིས་བ་ཆེ་མོ་སྐྱེད་སྲིང་བྱེད་པའི་མ་ལག་བཙུགས་ནས་ཐང་གའི་འབྲི་རྒྱུན་ཁག་གི་སྣེ་ཁྲིད་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་པ་དང་རང་སྐྱོང་ལྗོངས་རིམ་པའི་ལྷ་བྲིས་བའི་གཟི་བརྗིད་ལམ་ལུགས་བཙུགས་ནས། ལྷ་བྲིས་བ་ཆེ་མོའི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི“ཁག་གཅིག་རེ་ལྔའི་ཤེས་ལྡན་མི་སྣ”གསོ་སྐྱོང་གི་ཁྱབ་ཁོངས་སུ་འཇུག་རྒྱུ་རེད། རང་སྐྱོང་ལྗོངས་རིམ་པའི་མཐོ་རིམ་ལྷ་བྲིས་བའི་རིགས་པའི་གཞུང་ལུགས་གསོ་སྦྱོང་ལྟེ་གནས་བཙུགས་ཏེ་ལྷ་བྲིས་བར་སྒྱུ་རྩལ་གྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྱུ་རྩལ་གྱི་བློ་སྦྱོང་མཐོ་རུ་བཏང་ཡོད། རང་སྐྱོང་ལྗོངས་ཀྱི་ཐང་གའི་རིམ་པ་དཔྱད་བསྡུར་ཨུ་ལྷན་བཙུགས་ནས་ལྷ་བྲིས་བའི་ཤེས་ལྡན་མི་སྣ་བདེན་དཔང་ར་སྤྲོད་ཀྱི་ལམ་ལུགས་དང་ལས་རིགས་རྩལ་ནུས་ཀྱི་དཔྱད་སྡོམ་ཚད་གཞི་བཟོས་ནས་ལྷ་བྲིས་བའི་ཐོབ་ཐང་ལ་བདེན་དཔང་ར་སྤྲོད་བྱས་པ་རེད།

    “བོད་དུ་ཆེད་ལས་ལྷ་བྲིས་བ་3000ལྷག་ཡོད་པའི་ནང་གཞོན་ནུ་དང་དར་མའི་ལྷ་བྲིས་བ་ཆེ་མོས་གཙོ་བོར་བྱེད་པའི་ཤེས་ལྡན་མི་སྣའི་སྐས་རིམ་དཔུང་ཁག་གི་གྲུབ་ཆའི་རྣམ་པ་ཞིག་སྤྱིར་ན་ཆགས་པས་འོས་ཤིང་འཚམ་པའི‘གཏོར་གཟུགས་མཆོད་རྟེན’རྣམ་པའི་ཤེས་ལྡན་མི་སྣའི་གྲུབ་ཆ་མངོན་ཡོད”ཅེས་རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས།

    565221_yis_1541485663005_s.jpg

    འདི་ནི་བོད་ཀྱི་ཐང་གའི་སྨན་གསར་ལུཌ་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ནོར་བུ་སྲི་ཐར་གྱིས་འགྲེམས་སྟོན་ལ་ལྟ་མཁན་ཚོར་ཐང་གའི་སྐོར་གསལ་བཤད་བྱེད་བཞིན་པ། 

    2、 སྤུས་རྟགས་བཏོད་ནས་ཤུགས་རྐྱེན་ཐེབས་ཤུཌ་ཆེ་རུ་བཏང་བ།

    འགྲེམས་ཚོགས་གླེང་སྟེགས་དང་མཁས་དབང་གི་བརྩམས་ཆོས་རྩེ་གྲ་སོགས་བོད་ཀྱི་ཐང་གའི་ཁྱབ་ཁོངས་ཀྱི་གྲགས་ཅན་སྤུས་རྟགས་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་ཅིང་། ཐང་གའི་གཟུགས་བརྙན་རྩེ་གྲ་དང་བོད་ཀྱི་རིག་གནས་རྨང་གཞི་གཏིང་ཟབ་མཚོན་པར་སྣང་ཆེན་བྱས་ཏེ། ཐང་གའི་ཁེ་ལས་ཀྱིས་རིག་གནས་དང་ཤེས་བྱའི་བདག་དབང་ལྡན་པའི་ཀྲུང་གོའི་གྲགས་ཅན་ཚོང་རྟགས་དང་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་གཏོད་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་བོད་ཀྱི་ཐང་གའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད།

    2010ལོ་ནས་བཟུང་། རང་ལྗོངས་ཀྱིས་བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སྐབས་བརྒྱད་བསྟུད་མར་གཉེར་ནས་ལྗོངས་ཕྱི་ནང་དུ་ཤུགས་རྐྱེན་ཆེ་བའི་ཁྱད་ལྡན་རིག་གནས་ཐོན་ལས་འགྲེམས་ཚོགས་ཀྱི་ཕྱོགས་བསྡུས་ལས་སྟེགས་སུ་གྱུར་པས་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    འདི་ལོའི་ཟླ་ལྔ་པར“ལྷ་བྲིས་བ་ཆེ་མོ་ངག་དོན་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་དྲན་གསོའི་བརྩམས་ཆོས་འགྲེམས་སྟོན”ལྷ་སའི་བཤད་སྒྲ་སྒོ་རའི་ནང་འཚོགས་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྒན་གྲས་ཀྱིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་འབུལ་བའི་ལེགས་སྐྱེས་གལ་ཆེན་འགྲེམས་སྟོན་བྱས་ཡོད་ལ་སྒྱུ་རྩལ་པ་རྒན་གྲས་ཀྱིས་མི་རབས་རྗེས་མར་བཞག་པའི་བསམ་པའི་གསོ་བཅུད་དང་བོད་ཀྱི་ཐང་ག་དར་རྒྱས་གོང་འཕེལ་བཏང་བར་བསྔགས་བརྗོད་ཀྱང་ཐོབ་ཡོད།

    འདི་ལོའི་ཟླ་9པར་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་སྐབས་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ལ་ཐང་ག་རྩེ་གྲའི་འགྲེམས་སྟོན་དང་རྒྱལ་སྤྱིའི་ཉོ་ཚོང་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། དེའི་རིང་ཐང་ག་རྩེ་གྲའི་འགྲེམས་སྟོན་དང་རྒྱལ་སྤྱིའི་ཉོ་ཚོང་འགྲེམས་སྟོན་ལ་ལྟ་མཁན་ལྟད་མོ་བ་མི་ཐེངས་ཁྲི་ཡན་ཟིན་ཡོད་པ་རེད།

    བོད་ཀྱི་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་ལས་སྒྲུབ་མི་སྣ་ལིའུ་ཐའོ་ཡིས། ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་གཉེར་བའི་དམིགས་ཡུལ་ནི་ས་ཁོངས་ཀྱི་སྲོལ་རྒྱུན་ཐང་གའི་རིག་གནས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་ཐང་གའི་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་ནས་མི་ཀུན་ལ་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་སྔར་བས་ཤེས་རྟོགས་དང་ངོས་འཛིན་ཐུབ་པ་དང་། རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་ཚོར་དང་མཉམ་སྤྱོད་ཐུབ་པ། རྒྱལ་ཁབ་ཕྱི་ནང་དུ་བོད་ཀྱི་ཐང་གའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་རེད་ཅེས་ངོ་སྤྲོད་བྱས།

    3、 ས་གནས་ཀྱི་ཚད་གཞིའི་མ་ལག་བསྐྲུན་པ།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་ཐང་གའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་ཁར་ཐོན་ལས་ཀྱི་རྨང་གཞི་ངེས་ཅན་ཆགས་པས་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་མཚམས་ཡག་ཤོས་སུ་སླེབས་ཡོད།

    ཐང་གའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས《ཐང་གའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་སྤེལ་གཏོང་བའི་སྐོར་གྱི་བསམ་འཆར》སྔ་རྗེས་སུ་བཏོན་པ་དང་། 《བོད་ཀྱི་ཐང་གའི་རིགས་དབྱེ》ཡི་ས་གནས་ཀྱི་ཚད་གཞི་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་རེད། 《སྲོལ་རྒྱུན་གྱི་ལག་བྲིས་ཐང་གའི་ས་གནས་ཀྱི་ཚད་གཞི》བཟོས་པས་བོད་ཀྱི་ཐང་གའི་ཤུགས་རྐྱེན་ཐེབས་ནུས་དང་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་འགྲོ་བ་དང་ཐང་གའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་འབྲི་རྒྱུན་མང་པོའི་སྒྱུ་རྩལ་ཉམས་འགྱུར་དང་རྩལ་ནུས་ཆུ་ཚད་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད། བོད་འདི་ཉིད་ཐང་གའི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་དུ་བསྐྲུན་པ་དང་སྲོལ་རྒྱུན་གྱི་ཐང་ག་འབྲི་བཞེངས་ཀྱི་ཚད་གཞི་ཅན་གྱི་གཏན་འཁེལ་ལས་དོན་ལ་སྐུལ་མ་གཏོང་རྒྱུ་དེ་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་ཐང་གའི་ས་གནས་ཀྱི་ཚད་གཞིའི་མ་ལག་སྐྲུན་པའི་ལས་དོན་ལ་དུས་ཡུན་རིང་པོར་གཞོལ་ཡོད། “ས་གནས་ཀྱི་ཚད་གཞིའི་མ་ལག་བསྐྲུན་ཚེ་དེས་ཐང་གའི་སྒྱུ་རྩལ་ལ་རྒྱུན་འཛིན་དང་སྲུང་སྐྱོང་གི་ནུས་པ་ཐོན་པ་དང་དུས་མཚུངས་བོད་ཀྱི་རིག་གནས་སྣ་ཁ་སྔར་བས་དྲིལ་བསྒྲགས་དང་སྐུལ་སྤེལ་བྱས་ནས་སྲིད་གཞུང་གིས་བོད་ཀྱི་ཐང་ག་ཐོན་ལས་ཅན་དུ་འགྱུར་བར་སྣེ་ཁྲིད་དང་ཚད་ལྡན་བཟོ་བ་མ་ཟད། སྔར་བས་གསར་གཏོད་དང་འཕེལ་རྒྱས་ཡག་པོ་ཡོང་བར་རྨང་གཞི་བརྟན་པོའང་འདིང་ཐུབ”ཅེས་ནོར་བུ་ཚེ་རིང་གིས་བཤད་ཅིང་། ཁོང་གིས། “《སྲོལ་རྒྱུན་གྱི་ལག་བྲིས་ཐང་གའི་ས་གནས་ཀྱི་ཚད་གཞི》ལ་མིག་སྔར་ལག་རྩལ་གྱི་ཞིབ་དཔྱད་ཐོབ་ཟིན་པས། རིགས་གཅིག་མཁས་ཅན་གྱི་བསམ་འཆར་གཞིར་བཟུང་ཡིག་ཆར་སྔར་བས་བཟོ་བཅོས་རྒྱག་རྒྱུ་དང་། དེ་རྗེས་རྒྱལ་ཁབ་ཚད་གཞི་ཨུ་ལྷན་ལ་ཕུལ་ནས་འདི་ལོར་ལག་བསྟར་ཐུབ་རེ་ཡོད”ཅེས་བཤད།

    565222_yis_1541485663941_s.jpg

    འདི་ནི་ཡུལ་སྐོར་བས་བོད་ཀྱི་ཐང་གའི་སྒྱུ་རྩལ་གླིང་གི་འགྲེམས་སྟོན་ཚོམས་ཆེན་དུ་འགྲེམས་སྟོན་དངོས་རྫས་ལ་ལྟ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།