[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • ལྷ་འབྲིའི་སྒྱུ་རྩལ་ངོ་མཚར་ཆེ། སྲོལ་རྒྱུན་རི་མོར་མདུན་ལྗོངས་ཡངས།

    སྐབས་བརྒྱད་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སྐོར་གྱི་ཆེད་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གསར་འགོད་པ། བསོད་ནམས།    |    སྤེལ་དུས།   2018-05-05

    IMG_1609.jpg

    རྒྱལ་ཁབ་རིམ་པའི་བོད་ཀྱི་ལྷ་འབྲི་ཆེ་མོ་བ་བསྟན་པ་རབ་བརྟན་གྱིས་ཐང་གའི་བརྩམས་ཆོས་ལ་སྐར་མ་རྒྱག་བཞིན་པ།

    རིག་རྩལ་ལྡན་པའི་ལང་ཚོ་ནས། སྒྱུ་རྩལ་མེ་ཏོག་རབ་ཏུ་བཞད།

    ས་གཞི་ཆེན་པོས་དཔྱིད་དཔལ་གྱི་མཎྟལ་མཐོན་པོར་བཏེགས་ནས་ས་མཐོའི་མི་རྣམས་ལ་སྤྲོ་སྣང་དཔག་མེད་སྦྱིན་པའི་ཉིན་ཏེ། བོད་ས་ཁྱི་ལོའི་ཟླ་3པའི་ཚེས་5ཉིན་གསར་འགོད་པས་འདུ་འཛི་ཆེ་བའི་གནའ་གྲོང་ལྷ་སའི་ཁྲོམ་གཞུང་བཤགས་ཏེ། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་བོད་ལྗོངས་ཐང་ག་སྒྱུ་རྩལ་གླིང་གིས་གཙོ་གཉེར་བྱས་པའི་སྐབས་བརྒྱད་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་དང་། གོ་མིང་ཐོབ་པའི་མདོ་དབུས་ཁམས་གསུམ་གྱི་ལྷ་འབྲི་བའི་ལོ་བཤེར་རྒྱུགས་སྤྲོད་མཛད་སྒོར་ཞུགས་ཏེ་འགྲེམས་ཚོགས་ཀྱི་ས་ཡུལ་དངོས་ནས་གངས་ལྗོངས་ས་མཐོར་ལོ་ངོ་སྟོང་ཕྲག་གོང་ནས་རྩ་བ་ཚུགས་པ་དང་། མི་མུས་རྒྱུད་ཀྱིས་རྒྱུན་འཛིན་འཕེལ་རྒྱས་བཏང་བའི་སྲོལ་རྒྱུན་གྱི་ཐང་ག་འབྲི་མཁན་ཚོའི་སུག་འབྲིའི་སྒྱུ་རྩལ་ཆུ་ཚད་དང་ལོ་བཤེར་གྱི་ནང་དོན་སོགས་ལ་ཤེས་རྟོགས་བྱེད་པར་བསྐྱོད་པ་ཡིན།

    ཅུང་གུ་དོག་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་སྒོ་རའི་ནང་སླེབས་སྐབས། འགྲེམས་ཚོགས་འགོ་ཚུགས་ཀྱི་མཛད་སྒོ་ཚུགས་པ་དང་ཏག་ཏག་འཁེལ། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ལྷ་འབྲི་བ་100ལྷག་ཙམ་གྱིས་ཚོགས་རའི་ནང་ཁུ་སིམ་བུར་བོད་ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་མི་སྣའི་མཛད་སྒོ་འགོ་ཚུགས་ཀྱི་གཏམ་བཤད་ཉན་བཞིན་འདུག འབྲེལ་ཡོད་མི་སྣས། འོད་སྟོང་རབ་ཏུ་འབར་བའི་བོད་ཀྱི་ཐང་གའི་རིག་གནས་ལ་མ་མཐར་ཡང་ལོ་ངོ་སྟོང་ཕྲག་ཟིན་པའི་ལོ་རྒྱུས་ཡོད་ཅིང་། ས་གནས་ཁག་གི་ལྷ་འབྲི་བས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་ལྷ་འབྲིའི་བྱ་བར་བར་ཆད་ཇི་ཙམ་འཕྲད་ཀྱང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་འཛིན་སྐྱོང་ལེགས་པར་བྱ་རྒྱུ་སྐད་ཅིག་ཙམ་ཡང་ལྷོད་གཡེང་བཏང་མེད་སྟབས། མིག་སྔར་སྨན་ཐང་ལུགས་དང་། ཀརྨ་སྒར་བྲིས་ལུགས། མཁྱེན་བརྩེ་ལུགས་སོགས་རང་རང་སོ་སོའི་ཐུན་མོང་མིན་པའི་ཁྱད་ཆོས་མངོན་པར་གསལ་བའི་ལུགས་ཁག་གི་ཐང་གའི་སྒྱུ་རྩལ་ཉམས་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་ཉེ་བའི་ལོ་ཤས་ནང་དར་གཞོན་ལྷ་འབྲི་བ་འབོར་ཆེན་འཚར་ལོངས་བྱུང་ཡོད་པ་དང་། ཁོང་ཚོའི་ཁྲོད་ནས་དར་གཞོན་མི་ཉུང་བ་ཞིག་སྔ་རྗེས་སུ་ཐང་གའི་བརྩམས་ཆོས་ཕུལ་བྱུང་ལ་བརྟེན་ནས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ལྷ་འབྲི་ཆེ་མོ་བར་གྱུར་ཡོད་པ་དང་། ཁོང་ཚོའི་ཐུན་མོང་དང་ཐུན་མོང་མིན་པའི་ཐང་གའི་བརྩམས་ཆོས་འབོར་ཆེན་ཞིག་ལྗོངས་ཕྱི་ནང་དང་། ཐ་ན་རྒྱལ་ཕྱིའི་ཐོག་ཏུའང་བྲིན་ཚོང་བྱེད་བཞིན་ཡོད་པས། ཐང་ག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ངོམས་སྟོན་དང་ཞོར་ལས་ཡོང་འབབ་གསོག་པའི་ཐབས་ལམ་ལེགས་པོ་ཞིག་ཏུ་གྱུར་ཡོད། མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་དེ་ལྟ་བུ་ནི་རང་ཅག་ཀུན་སྤྲོ་བ་སྐྱེ་འོས་པ་ཞིག་རང་རེད་ལ། འགྲོ་བ་མིའི་རིགས་ཐུན་མོང་གི་གཅེས་ནོར་ཞིག་རྒྱུན་འཛིན་བྱས་པ་ཞིག་ཀྱང་རེད་ཅེས་པ་ཐོས་འཕྲལ་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།

    འགྲེམས་ཁང་དུ་རིམ་པ་སྟར་ཆགས་སུ་བཀལ་བའི་ཐང་གའི་མདུན་དུ་སྐྱོད་སྐབས། ཆེད་ལས་ཀྱི་དྲི་ཙམ་དབེན་པའི་རང་ཉིད་ལྟ་བུའི་འདྲེན་བྱེད་ལམ་དུ་ཐང་ག་ཡོད་ཚད་སྤུས་མ་ཤ་སྟག་ཡིན་པའི་ཚོར་སྣང་བྱུང་། འགྲེམས་ཁང་དབུས་སུ་བཀལ་བའི་དྲས་དྲུབ་ཀྱི་རྒྱལ་བ་བྱམས་པ་མགོན་པོའི་ཞལ་ཐང་དེར་ཚོད་དཔག་བྱས་ན་མཐོ་ཚད་ལ་སྨི་གསུམ་ལྷག་ཙམ་དང་ཞེང་ཚད་ལ་སྨི་གཉིས་ཙམ་འདུག་ཅིང་། ཞལ་ཁྱིམ་བྱམས་བརྩེའི་གཟི་མདངས་རྒྱས་ཤིང་། ཕྱག་སོར་དང་བཅས་པ་ནི་འཇམ་མཉེན་ཤ་རུས་ལས་གྲུབ་པ་ལྟར་གྱི་གསོན་ཉམས་ཤིན་ཏུ་དོད་ལ། ཐང་ག་ཧྲིལ་པོའི་ཞིང་ཁམས་ཀྱི་བཀོད་པའི་འཆར་ཡན་སྒྱུ་རྩལ་ཤིན་ཏུ་མཛེས་ཆ་ལྡན་པས། ཐང་ག་དེའི་རས་ཀྱི་ཚོས་གཞི་སྤེལ་སྟངས་སོགས་ཁྱོན་ཡོངས་ཀྱི་བཟོ་རྩལ་ལ་གུས་པ་ཧང་སངས་ཏེ། གཡས་གཡོན་གྱི་ཆེད་ལས་མཁས་པར་བཀའ་འདྲི་ཞུ་སྐབས། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཐང་གའི་དགེ་རྒན་ཆེན་མོ། དེ་ཉིན་ལོ་བཤེར་བྱེད་པའི་ཆེད་ལས་མཁས་པའི་ཁོངས་མི་ཡིན་པའི་རྒན་པ་སངས་ལགས་ཀྱིས“དེ་རིང་འདི་གར་བཀལ་བའི་ཞལ་ཐང་ཚང་མར་གསང་ཨང་བརྒྱབ་སྟེ། ཐང་ག་བཞེངས་མཁན་གྱི་མིང་བཀོད་མེད། འདི་ལྟར་བྱེད་དོན་ནི་དེ་རིང་ཨང་རིམ་འགོད་སྐབས་འདྲ་མཉམ་དང་དྲང་བཞག་ཡོང་བའི་ཆེད་དུ་རེད”ཅེས་གསུངས་ཀྱི་འདུག

    ད་ལོའི་ཐང་གའི་འགྲེམས་ཚོགས་ནང་ཞུགས་མཁན་ཁྱོན་ལྷ་འབྲི་བ་108ཡོད་ཅིང་། ཞལ་ཐང་ཆེ་ཆུང་བསྡོམས་གྲངས་97བཀྲམ་ཡོད་པ་དེ་དག་ལས། ཁོང་ཚོའི་ཁྲོད་བོད་ཀྱི་ཐང་གའི་ལུགས་ཚང་མའི་ལྷ་འབྲི་བ་ཡོད་ལ། བརྩམས་ཆོས་ལའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་ཉུང་བའི་སྐུའི་ངོ་བོ་གཅིག་ཡིན་ཡང་། ལུགས་སོ་སོའི་ཁྱད་ཆོས་ལ་བརྟེན་ནས། ཉམས་འགྱུར་དང་བཟོ་རྩལ་ཅུང་ཟད་མི་གཅིག་པ་ཡོད་པ་དེས་འགྲེམས་ཚོགས་ལ་ཞུགས་མཁན་ཚོའི་ཡིད་དབང་ཅིག་ཅར་དུ་འཕྲོག་གི་འདུག འཚེམ་དྲུབ་ཀྱིས་བཞེངས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ཐང་ཞིག་འདུག་པ་དེ། བཟོ་རྩལ་ཤིན་ཏུ་ལེགས་ཀྱང་ཆེན་པོ་དེ་ཙམ་མེད་པས། གུས་པས་མཁས་དབང་བསྟན་པ་རབ་བརྟན་ལགས་སུ། “གལ་ཏེ་ཞལ་ཐང་འདི་སྐུ་ཚད་འདི་ལས་ཆེ་ཙམ་ཡོད་ཚེ། དངོས་གནས་རྫིག་པོ་ཞེ་དྲགས་ཡོང་བ་འདུག”ཅེས་ཞུ་སྐབས་ཁོང་གིས། “འཚེམ་དྲུབ་མའི་ཞལ་ཐང་བཞེངས་རྒྱུ་དེ་བཟོ་རྩལ་པའི་ངོས་ནས་བཤད་ན་དཀའ་ཚད་མཐོ་བའི་ཐང་ག་བཞེངས་ཐབས་ཤིག་རེད། ཁབ་ཀྱིས་རྟ་རྔ་ལས་ཀྱང་ཕྲ་བའི་སི་ཤན་དྲངས་ཏེ་མ་དཔེའི་ཐོག་ཇི་ཡོད་ཀྱི་ཚོན་མདངས་སྤེལ་རྒྱུ་དེ་ལས་སླ་པོ་གཏན་ནས་མེད། གལ་སྲིད་སྐུ་ཚད་འདི་ལས་ཆེ་བ་ཞིག་བཞེངས་དགོས་ན། བཟོ་བོའི་ལག་འོག་ཏུ་མ་འཆུན་པར་སྤུས་ཚད་ལེགས་པོ་ཡོང་མི་ཐུབ། སྤྱིར་ན་ལོ་རྒྱུས་ཐོག་འཚེམ་དྲུབ་མའི་ཞལ་ཐང་ཚང་མ་སྐུ་ཚད་ཆེན་པོ་མེད་པའི་རྒྱུ་མཚན་ཡང་། དཀའ་ཚད་ཆེ་དྲགས་པས་རེད”ཅེས་གསུངས་བྱུང་། གསང་ཨང་བཀོད་པའི་ཞལ་ཐང་གཞན་ཞིག་གི་མདུན་ནས་སྐུ་བརྙན་དེའི་དབུ་ཞྭར་ལྟ་སྐབས། སློབ་དཔོན་པད་མ་འབྱུང་གནས་ཡིན་པར་ངེས་ཀྱང་ཞལ་དབྱིབས་དེ་བཞིན། རྒྱུན་སྲོལ་དང་ཅུང་ཟད་མི་གཅིག་པར་སློབ་དཔོན་པདྨ་འབྱུང་གནས་མིན་པ་ལྟ་བུར་སྣང་བར་ཡ་མཚན་དང་བཅས་ཏེ། རང་ཉིད་ལ་བྱུང་བའི་ཐེ་ཚོམ་གྱི་འཆིང་ཞགས་གཅོད་ཕྱིར། ཆེད་ལས་མཁས་དབང་རྒན་པ་སངས་ལགས་སུ་དེ་དོན་བཀའ་འདྲི་ཞུ་སྐབས། ཁོང་གིས། “སྤྱིར་ན་རྒྱུན་སྲོལ་གྱི་ཐང་ག་འབྲི་སྲོལ་ལ་འགྱུར་ལྡོག་གཏོང་གི་མེད་ཀྱང་། དེང་གི་ཆར་ན་གཞོན་ལྷ་འབྲི་བ་ཁག་གཅིག་གི་བྲིས་ཆར་གསར་གཏོད་ཀྱི་རྣམ་པ་ཅུང་ཟད་ཐོན་གྱི་ཡོད་པས། ཞལ་ཐང་འདི་ཡང་ཞལ་དབྱིབས་ཅུང་ཟད་མི་གཅིག་པའི་གསར་གཏོད་ཅིག་ཡིན་ཤས་ཆེ་ཞེས་གསུངས་བྱུང་བས། ཁོ་བོའི་སེམས་ལ་ཞལ་ཐང་དེར་ལོ་བཤེར་གྱི་སྐར་མ་མཐོ་པོ་རག་མི་ཐུབ་པའི་སྣང་བ་བྱུང་། ལྷ་འབྲི་བ་མཁས་པས་གསུངས་པ་ལྟར་ན། སྤྱིར་ཐང་གའི་ཞིང་ཁམས་ཀྱི་བཀོད་པ་ལེགས་པོ་ཡོང་བའི་ཐད། ལྷ་འབྲི་རང་ཉིད་ཀྱི་རྣམ་དཔྱོད་རིག་རྩལ་ལ་བརྟེན་ནས་འོས་ཤིང་འཚམས་པའི་སྒོ་ནས་མཛེས་ཆོས་ཀྱི་རྣམ་པ་གསར་གཏོད་བྱེད་ཆོག་ཀྱང་། སྐུའི་བྱད་བཞིན་དང་ཚོན་མདངས་སོགས་ལ་གཏན་འཁེལ་བའི་ཐིག་ཚད་དང་། ཚད་གཞི་ནན་པོ་ཡོད་པ་གང་དེ་གཞིར་བཟུང་རྒྱུ་ནི་གལ་ཧ་ཅང་ཆེན་པོ་ཡིན་འདུག

    IMG_1655_i.jpg

    འདི་ལོའི་འགྲན་ཚོཌ་ནང་ཨང་རིམ་དང་པོ་ཐོབ་པའི་པ་སྣམ་མིག་དམར་གྱི་བརྩམས་ཆོས།

    ནན་གྱིས་བརྟགས་ནས་སྐར་མ་རྒྱག ཆུ་ཚད་མཐོ་དམའི་ཤན་འབྱེད་ཟབ།

    དེ་ཉིན་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྔར་རྒྱུན་ལྟར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་གླིང་དང་། བོད་ལྗོངས་ཐང་ག་སྒྱུ་རྩལ་གླིང་། བོད་ལྗོངས་རི་མོ་མཁས་པའི་མཐུན་ཚོགས། དེ་བཞིན་དམངས་ཁྲོད་ཀྱི་སྒྱུ་རྩལ་མཁས་ཅན་སོགས་ཐང་གའི་ཆེད་ལས་མཁས་པ་མི་གྲངས་ཉི་ཤུ་སྐོར་ཞིག་བསྐོངས་ཡོད་ཅིང་། ཆེད་མཁས་པ་དེ་དག་ལས་ཀྱང་མིང་མ་བཀོད་པའི་འདེམས་ཤོག་ལ་བརྟེན་ནས། དེ་ཉིན་ཐང་གའི་བརྩམས་ཆོས་ལེགས་ཉེས་ཤན་འབྱེད་ལ་སྐར་མ་རྒྱག་མཁན་མཁས་དབང་མི་བདུན་བདམས་ཡོད་པས། དེ་ནི་བརྩམས་ཆོས་ལོ་བཤེར་གྱི་འགག་སྒོ་ནན་པོ་སྲུང་བའི་བྱེད་ཐབས་ཤིག་ཡིན་ལ། དེ་བཞིན་དུ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ལྷ་འབྲི་བ་ཚོའི་དངོས་ཡོད་ཆུ་ཚད་ལ་དྲང་བཞག་གི་ཞིབ་དཔྱད་ཐུབ་པ་བྱེད་ཕྱིར། ཚོམས་ཆེན་ནང་བཀལ་བའི་ཐང་ག་ཚང་མར་ལྷ་འབྲི་བའི་མིང་མ་བཀོད་པར། གསང་ཨང་རེ་བཀོད་ཡོད་པ་དེ་ནི་ངོ་ཤེས་བརྒྱུད་ནས་ལྟག་སྒོར་འཛུལ་རྒྱུ་བཀག་འགོག་གིས། དངོས་ཡོད་ཆུ་ཚད་ཤེས་རྟོགས་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པས། ལྷ་འབྲི་བ་ཚང་མས་དང་ལེན་དང་ཧ་ཅང་མོས་པོ་བྱེད་ཀྱི་ཡོད་པ་རེད།

    IMG_1614_b.jpg

    ཐང་གའི་འགྲེམས་སྟོན་ལ་སླེབས་པའི་གཟིགས་མོ་བ།

    བྱེད་སྒོའི་བཀོད་སྒྲིག་ལྟར། སྔ་དྲོའི་ཆུ་ཚོད་བཅུ་གཅིག་པ་ཡོལ་ཙམ་ལ་ཆེད་མཁས་པས་ཐང་ག་རེ་རེ་བཞིན་ལ་ཚོན་མདངས་སྤེལ་ཕྱོགས་དང་། ཐིག་རིས་ཚད་དང་ལྡན་མིན། ཞིང་གི་བཀོད་པ་དང་། མཐའ་རིས་ཀྱི་མཛེས་ཆ་སོགས་ཕྱོགས་བདུན་གྱི་ཐད་སྐར་མ་བརྒྱབ་སྟེ་སྤྱི་བསྡོམས་ཀྱི་སྐར་མའི་བསྡུར་ཚད་མཐོ་དམའ་ལ་གཞིགས་ནས་རིམ་པ་དབྱེ་ཡོད་ཅིང་། མཁས་དབང་ཚོས་ཐང་གའི་བརྩམས་ཆོས་ཁག་ལ་བརྒྱབ་པའི་སྐར་མ་མཐོ་དམའ་ལ་གཞིགས་ནས། ཨང་རིམ་བཀོད་པ་བརྒྱུད། པ་སྣམ་མིག་དམར་གྱི་བརྩམས་ཆོས། དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་བརྙན་གྱི་ཞལ་ཐང་དེར་སྐར་མ་མཐོ་ཤོས་སུ་སླེབས་ཏེ་ད་ལོའི་ལོ་བཤེར་གྱི་ཞལ་ཐང་དགུ་བཅུ་ལྷག་ཙམ་གྱི་ཨང་དང་པོར་བདམས་ཐོན་བྱུང་ཡོད་པ་རེད། ང་ཚོས་ཞལ་ཐང་དེའི་དྲེའུ་དེར་ཉམས་ཞིབ་བྱེད་སྐབས་དངོས་གནས་གསོན་ཉམས་ཤིན་ཏུ་དོད་ཅིང་། དྲེའུ་ཡི་གདོང་དབྱིབས་མངོན་སུམ་ཡིན་པས་མ་ཚད། སྤུ་ཁའི་རང་མདངས་ནས་དྲེའུ་གསོན་པ་ཞིག་ཏུ་སྣང་། བོད་ཀྱི་རྒྱལ་ཁབ་རིམ་པའི་གྲགས་ཅན་ལྷ་འབྲི་བ། བསྟན་པ་རབ་བརྟན་ལགས་ཀྱིས་སྐར་མ་བསྐྱོན་སར་རྗེས་སྙེག་བྱེད་སྐབས། ཁོང་གིས་སྐར་མ་བརྒྱད་དང་ཚེག་ལྔ་དང་། བདུན་དང་ཚེག་གསུམ་སོགས་ཞིབ་ཕྲ་བསྐྱོན་གྱི་འདུག་པས། བགྲེས་སོང་ཁོང་གི་ལྷ་འབྲི་བའི་བརྩམས་ཆོས་གཤིབ་བསྡུར་ལ་ཐུགས་འགན་ཧ་ཅང་ནན་པོ་བཞེས་ཀྱི་ཡོད་པའི་ཚོར་སྣང་བྱུང་། རྗེ་བཙུན་སྒྲོལ་དཀར་སྐུ་བཞེངས་གནང་བའི་ཞལ་ཐང་ཞིག་འདུག་པ་ནི་ཁོ་བོས་མཇལ་ཐེངས་དང་པོ་ཙམ་ཡིན་ཞིང་། སྐུ་དེའི་ཚད་གཞི་གང་འདྲ་ཡོད་མེད་ཤེས་རྟོགས་བྱེད་སྐབས། མཁས་དབང་བསྟན་པ་རབ་བརྟན་ལགས་ཀྱིས། བཞིན་རས་ཅུང་ཟད་རིང་དྲགས་པའམ་ནར་སྟབས་ཆེ་བའི་སྣང་བ་འདུག འོན་ཀྱང་བྲིས་ཆ་ཕྱོགས་ཡོངས་ཀྱི་ཐད་ལ་ལབ་གླེང་མི་དགོས་པ་ཞིག་བཞེངས་འདུག་ཅེས་གདེང་འཇོག་གནང་།

    མཁས་དབང་ཚོས་ཐང་གར་སྐར་མ་རྒྱག་པའི་བར་གསེང་ཞིག་ཏུ་གསར་འགོད་པས། སྒོ་རའི་ནང་སོང་སྟེ་དེ་གར་རང་ཉིད་ཀྱི་བརྩམས་ཆོས་ལ་སྐར་མ་ཇི་ཙམ་ཐོབ་མིན་ལ་དོ་ཁུར་ཆེན་པོ་བྱེད་མཁན་ལྷ་འབྲི་བ་ཚོའི་ཁྲོད་དུ་སྐྱོད་སྐབས། ཚང་མའི་ངོ་གདོང་ལས་དངངས་འཚབ་ཡོད་པའི་སྣང་བ་བྱུང་ཞིང་། ཕ་ཡུལ་ཆབ་མདོ་ནས་ཡིན་པའི་ལྷ་འབྲི་བ་ཉི་མ་ཚེ་རིང་ཞེས་པའི་ན་གཞོན་ཞིག་ལ་ཐང་གའི་བརྩམས་ཆོས་ལ་ལོ་བཤེར་བྱེད་པ་དེར་ལྟ་ཚུལ་གང་ཡོད་དམ་ཞེས་སྐད་ཆ་འདྲི་སྐབས། ན་གཞོན་ལྷ་འབྲི་བ་དེ་ནི་གྲགས་ཅན་ལྷ་འབྲི་བ་བསྟན་པ་རབ་བརྟན་ལགས་ཀྱི་སློབ་མ་ཞིག་ཡིན་འདུག་ཅིང་། ཁོང་གིས་ཁེངས་སྐྱུང་ངང་གསར་འགོད་པར། “ཐང་གའི་བརྩམས་ཆོས་ལ་ལོ་བཤེར་བྱེད་པ་དེ་ནི་ལྷ་འབྲི་བའི་ཆུ་ཚད་མཐོར་འདེགས་བྱེད་པའི་ངོས་ནས་བཤད་ན་སྐུལ་མ་ནུས་ལྡན་གཏོང་བའི་བྱེད་ཐབས་ཤིག་རེད། ལོ་རེར་ཐང་གའི་འགྲེམས་ཚོགས་ཐེངས་རེ་གཉེར་བ་འདིས་ལྷ་འབྲི་བ་ཚང་མར་ཕན་ཚུན་ཉམས་མྱོང་སྤེལ་རེས་ཡོང་གི་ཡོད་ལ། རང་ཉིད་ཀྱི་ཞན་ཆ་སེལ་ཐབས་དང་གཞན་གྱི་ལེགས་ཆ་ཉམས་སུ་མྱོང་བའི་གོ་སྐབས་ཡག་པོ་རེ་ཐོབ་ཀྱི་ཡོད། ཁྱད་པར་དུ་ལོ་བཤེར་གྱི་སྐར་མ་བརྒྱབ་སྟེ་རིམ་པ་དབྱེ་བ་འདིས། ཐང་ག་འབྲི་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཚད་གཞལ་ཐབས་མེད་པའི་ནུས་པ་ཐོན་གྱི་འདུག ”ཅེས་བརྗོད་བྱུང་། ལྷ་འབྲི་བ་ཚོའི་ཁྲོད་ནས་ཤེས་རྟོགས་བྱུང་བར། ལྷ་འབྲི་བ་མང་པོ་ཞིག་གིས་རང་ཉིད་ཀྱི་ཕུལ་བྱུང་བརྩམས་ཆོས་ལོ་བཤེར་འགྲེམས་ཚོགས་ནང་ཞུགས་རྒྱུའི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། ཐང་ག་རྒྱས་ཤོས་འགའ་རེ་འབྲི་བར་ཟླ་ཁ་ཤས་སམ་ལོ་ཕྱེད་ཙམ་གྱི་དུས་ཚོད་བློས་གཏོང་བྱེད་ཀྱི་ཡོད་པས། ལོ་བཤེར་བྱེད་པ་དེ་ནི་སྒྱུ་རྩལ་པ་ཚོར་ཕྱོགས་ཡོངས་ནས་རྟིང་སྐུལ་གཏོང་བ་ཞིག་ལས་མ་འདས།

    ཐང་གའི་སྒྱུ་རྩལ་ཞིང་ས་ཆེར། མདུན་ལྗོངས་ལེགས་པའི་དཔྱིད་ཀ་ཤར།

    དུས་ཡུན་ཉིན་གསུམ་གྱི་ཐང་གའི་འགྲེམས་ཚོགས་དང་ལོ་བཤེར་གྱི་བྱེད་སྒོའི་ནང་ད་དུང་བོད་ཀྱི་ཐང་གའི་ཆེད་མཁས་པ་ཚོས་སྒྱུ་རྩལ་རིག་གཞུང་ལ་ཞིབ་འཇུག་བགྲོ་གླེང་གནང་ཞིང་། ལོ་གཅིག་རིང་ཐོན་པའི་བརྩམས་ཆོས་ཀྱི་སྒྱུ་རྩལ་རིན་ཐང་ལ་དཔྱད་བརྗོད་ནན་པོ་གནང་སྟེ། བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཆུ་ཚད་ལོ་རེ་བཞིན་གསར་པ་ཞིག་ཏུ་སླེབས་རྒྱུར་བརྩོན་ལེན་བྱས་ཡོད་པ་དང་། གསར་དུ་ཐོན་དང་ཐོན་བཞིན་པའི་དར་གཞོན་ལྷ་འབྲི་བ་ཚོའི་བརྩོན་སེམས་ལ་ཚད་མཐོའི་གདེང་འཇོག་བྱས། གསར་འགོད་པས་ད་ལོའི་ཐང་ག་འགྲེམས་ཚོགས་ལ་ཞུགས་མཁན་མདོ་དབུས་ཁམས་གསུམ་གྱི་ལྷ་འབྲི་བ་ཚོར་དཔྱད་པ་བྱེད་སྐབས། དར་གཞོན་ལྷ་འབྲི་བས་འགྲེམས་ཚོགས་ལ་ཞུགས་མཁན་མི་གྲངས་སྤྱིའི་གསུམ་ཆ་གཉིས་ཡན་ཟིན་གྱི་ཡོད་ཅིང་། ལོ་ན་གཞོན་པའི་བསྡུར་ཚད་མཐོ་པོ་ཡོད་པ་དེས། ཐང་གའི་སྒྱུ་རྩལ་གྱི་མདུན་ལྗོངས་ཆེས་ཡངས་པའི་སྣང་བ་བྱུང་། དེ་བཞིན་དུ་ཐང་གའི་འགྲེམས་ཚོགས་ཐོག་མར་འགོ་ཚུགས་པ་ནས་ད་ལྟའི་བར་ལ་ཕྱིར་མིག་བལྟས་ཙ་ན། དབུས་གཙང་ཁུལ་ནས་ལོ་རེའི་འགྲེམས་ཚོགས་ལ་ཞུགས་མཁན་ལོ་རེ་བཞིན་མང་དུ་དང་བརྩམས་ཆོས་ལོ་རེ་བཞིན་མང་དུ་དང་སྤུས་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་དང་། དེ་མཚུངས་སུ་རང་སྐྱོང་ལྗོངས་རིམ་པའི་ལྷ་འབྲི་བ་ཡང་རིམ་གྱིས་མང་དུ་འགྲོ་གི་ཡོད་པས། དེའི་ཐོག་ནས་རིམ་ཁག་འབྲེལ་ཡོད་ཚན་པས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁྲོད་ཀྱི་གལ་ཆེའི་གནས་བབ་བཟུང་བའི་བོད་ཀྱི་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པ་རེད། ལྷ་འབྲི་བའི་གོ་མིང་སྐོར་ཤེས་རྟོགས་བྱེད་སྐབས། ཆེད་ལས་མཁས་དབང་པ་སངས་ལགས་ཀྱིས། དེ་སྔོན་ཐང་གའི་གོ་མིང་སྤྲོད་སྐབས་དེ་ཙམ་གྱི་དམ་དྲག་མེད་ཀྱང་། ད་ཆ་སྤྱི་ཚོགས་ཧྲིལ་པོས་ཐང་གའི་སྒྱུ་རྩལ་ཐད་བཏོན་པའི་བླང་བྱ་ཉིན་རེ་བཞིན་མཐོ་རུ་འགྲོ་གི་ཡོད་པ་དང་། ཐང་གའི་ལས་རིགས་ཀྱི་བྲིན་ཚོང་འགྲན་རྩོད་ཀྱང་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད་སྟབས། གོ་མིང་ལེན་པར་ལུགས་སོ་སོའི་ཐང་གའི་སྐྱ་རིས་དང་། ཚོན་མདངས་སྤེལ་ཕྱོགས། ཐོག་མའི་ཐིག་རྒྱག་སྟངས་བཅས་ནས་ཡིག་ཚད་གཏོང་བ་དང་། དེ་བཞིན་ཐང་གའི་སྒྱུ་རྩལ་གྱི་རིགས་པའི་གཞུང་ལུགས་ཀྱང་ཡིག་ཚད་བཏང་སྟེ། གོ་མིང་ཐོབ་མཁན་ཞིག་ལ་མཚོན་ན་ཕྱོགས་ཡོངས་ཀྱི་བྱང་ཚད་ལྡན་ཡོད་པ་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡོད་ཅེས་གསུངས། འོན་ཀྱང་གོ་མིང་གི་སྐོར་གླེང་བའི་ནང་བློ་ཕངས་དགོས་པའི་དོན་ཞིག་ཀྱང་ཐོས་བྱུང་བ་སྟེ། དེའང་མདོ་སྨད་ཕྱོགས་ཀྱི་ལྷ་འབྲི་བ་ཁག་གཅིག་གིས་ལྷ་འབྲི་ཐོག་མར་སྦྱོང་སྐབས་སྐྱ་རིས་ལ་སྣང་འཇོག་དེ་ཙམ་བྱེད་ཀྱི་མེད་སྟབས། གོ་མིང་ཡིག་ཚད་གཏོང་སྐབས་མདོ་སྨད་ནས་ཡིན་པའི་ལྷ་འབྲི་བ་ཁག་གཅིག་གི་སྐྱ་རིས་སྐར་ཚད་མ་ལོན་པའི་གནས་ཚུལ་ཐོན་ཡོད་ལ། དེ་བས་ཀྱང་ཡིག་ཚད་ལ་ཞུགས་མཁན་མདོ་སྨད་ལྷ་འབྲི་བ་མང་པོ་ཞིག་ཡིག་ཚད་བཏང་ནས་གོ་མིང་ལེན་པར་བཅར་མི་ནུས་པ་དེ་རེད་འདུག

    ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་དེ་ནི་ད་ཆ་ལྗོངས་ཕྱི་ནང་ལྟ་ཞོག ཕྱི་གླིང་བས་ཀྱང་དོ་ཁུར་བྱེད་པའི་སྒྱུ་རྩལ་གྱི་རིན་ཐང་གཞལ་དུ་མེད་པའི་དངོས་པོ་ཞིག་ཏུ་གྱུར་ཡོད་ཅིང་། རིན་ཐང་ཆེ་བའི་ཐང་གའི་སྒྱུ་རྩལ་དེ་ཉིད་གོང་འཕེལ་ཆེན་པོ་བྱུང་སྟེ། ད་ཆ་གྲོང་ཁྱེར་ཁག་ཏུ་ཐང་ག་བཞེངས་མཁན་གྱིས་ཁྲོམ་རའི་བསྡུར་ཚད་ངེས་ཅན་བཟུང་ཡོད་ལ། འབྲེལ་ཡོད་ཚན་པས་ཀྱང་ཐང་གའི་འགྲེམས་ཚོགས་ཀྱིས་སྒྱུ་རྩལ་མི་སྣ་འཚར་ལོངས་ཡོང་བ་བྱ་རྒྱུ་དང་། ཐང་གའི་སྤུས་ཚད་གོང་མཐོར་གཏོང་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད་པར་གཞིགས་ནས་འགྲེམས་ཚོགས་ཡང་ཡང་གཉེར་བ་དང་། མཁས་དབང་འདུས་ནས་གཞུང་ལུགས་བགྲོ་གླེང་དང་ལེགས་སྤེལ་ཉེས་འགོག་གི་ནང་དོན་ཚུད་པའི་བྱེད་སྒོ་སྤེལ་བ་སོགས་བྱེད་ཐབས་སྣ་ཚོགས་སྤེལ་བ་དེས། “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་རྣམ་པ་གསར་པ་ཞིག་ཐོན་པ་ནི། བོད་ཀྱི་ཐང་ག་འཕེལ་རྒྱས་ཐད་ལོ་རྒྱུས་ཀྱི་མཐོ་ཚད་དུ་སླེབས་ཡོད་པས། གསར་འགོད་པས་དད་ལྡན་པའི་སེམས་ཉིད་ཅི་དགར་འགུགས་པ་དང་། དད་མེད་ཚོའི་སྒོ་གསུམ་སྒྱུ་རྩལ་གྱིས་རབ་ཏུ་མྱོས་པར་གྱུར་པའི་ཐང་གའི་སྒྱུ་རྩལ་གྱི་ལྡུམ་ར་འདི་བཞིན་སྔར་བས་བཀྲག་མདངས་ཆེས་ཆེར་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།