[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • སོར་མོའི་རྩལ་ལས་ལག་ཤེས་མངོན། རྣམ་དག་བློ་ཡིས་རྒྱུན་འཛིན་བྱས།

    —— ཀྲུང་གོ་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་སྒྱུ་རྩལ་དགེ་རྒན་ཆེ་མོ་བ་ཚེ་རིང་དབང་འདུས་ཀྱི་ཐང་གའི་སྒྱུ་རྩལ་ལམ་བུ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-10

    གླེང་གཞི།

    དགུན་ཁའི་ཉི་འོད་ཕོ་བྲང་པོ་ཏ་ལའི་ཁ་སྤྲོད་དུ་གནས་པའི་ཚེ་མཆོག་གླིང་གི་བོད་བཟོའི་ཁྱད་ལྡན་ཁྲོམ་གཞུང་དུ་འཕྲོས་པས་མི་རྣམས་ཀྱི་སེམས་སུ་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་སྦྱིན།

    འདི་ག་ནི་ཅ་ཅོ་དང་བྲལ་ཞིང་འཇམ་ཐིང་ངེར་གནས། རྡོ་སྐས་འཛེགས་ཏེ་འགྲོ་སྐབས་མདོ་མཁར་ཐང་ག་སྒྱུ་རྩལ་ལྟེ་གནས་དེ་ཐོག་དམར་པོ་དང་གྱང་དཀར་པོ་ལས་གྲུབ་པའི་བོད་བཟོའི་ཁང་པ་ཞིག་གི་ནང་དུ་ཡོད། སྒོ་ཡོལ་ཕྱེ་སྟེ་ཡར་འཛུལ་སྐབས་ཁང་པའི་ནང་གི་མི་ཚང་མ་མགོ་བོ་དུད་དེ་བློ་རྩེ་གཅིག་སྒྲིམ་གྱིས་རི་མོ་འབྲི་བཞིན་མཆིས།

    ཨ་ཕའི་འདོད་འདུན་བཟང་པོ།

    “ད་ལྟ་འབྲི་བཞིན་པའི་ཐང་ག་འདིའི་མིང་ལ《རྒྱལ་ཆེན་རིགས་བཞི》ཞེས་བརྗོད་ཅིང་། དེར་མཐོ་ཚད་སྨི་2.2དང་ཞེང་ཚད་སྨི་5.6ཡོད་པ་དང་ལོ་ཕྱེད་ནང་བྲིས་ཚར་བཟོ་འདུག དུས་འགོར་ང་ཚོས་ཟླ་གཅིག་ལྷག་ཙམ་སྤྱད་དེ་ཐང་གའི་སྐུ་ཚད་ཆེ་ཆུང་གཞིར་བཟུང་ཆ་ཚད་ཐིག་རིས་བརྒྱབ་པ་ཡིན། མི་7གྱིས་མཉམ་དུ་ཐང་ག་ཆེན་པོ་འདི་འབྲི་རྩིས་ཡོད”མདོ་མཁར་ཐང་ག་སྒྱུ་རྩལ་ལྟེ་གནས་ཀྱི་འགན་འཁུར་བ་ཚེ་རིང་དབང་འདུས་ཀྱིས“ཐང་ག་འདི་ད་དུང་ཟླ་གཉིས་ལྷག་ཙམ་སོང་ན་མ་གཏོགས་བྲིས་ཚར་བ་མི་འདུག”ཅེས་ང་ཚོར་ངོ་སྤྲོད་བྱས་བྱུང་།

    འདི་ལོ་ལོ་54ལ་སླེབས་པའི་ཚེ་རིང་དབང་འདུས་ཀྱིས་སློབ་འབྲིང་སྐབས་ནས་ཐང་ག་འབྲི་སྟངས་སྦྱོང་འགོ་བཙུགས་པ་ནས་ད་བར་དུ་ཐང་ག་འབྲི་མཚམས་འཇོག་མྱོང་མེད། དེའི་རིང་ཁོང་གིས་བརྩོན་འགྲུས་ལྷོད་མེད་དང་ཡག་ཐོག་ཡག་བརྩེགས་བྱས་མཐར་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ལས་རིགས་སྒྱུ་རྩལ་གྱི་དགེ་རྒན་ཆེ་མོ་བ་ཞིག་ལ་གྱུར།

    1963ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་སྐྱེས་པའི་ཐང་གའི་དགེ་རྒན་ཆེ་མོ་བ་ཚེ་རིང་དབང་འདུས་ཀྱི་ཐང་ག་འབྲི་སྟངས་སྦྱོང་བའི་སྐོར་གླེང་ན་ཨ་ཕས་སློབ་གསོ་གཏོང་བའི་སྐབས་ནས་གླེང་འགོ་འཛུགས་དགོས།

    ལྷ་ས་གྲོང་ཁྱེར་ཁྲོམ་གཟིགས་སྒང་གི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་པའི་ཚེ་རིང་དབང་འདུས་ཀྱི་ཁྱིམ་དུ་གཅེན་གཅུང་ལྔ་ཡོད། ཕ་ནི་དེ་སྔོན་ཁྲོམ་གཟིགས་སྒང་དུ་ཚོང་རྒྱག་གི་ཡོད་པས་སྐབས་དེར་ལྟོ་གོས་འཕྱིད་ཙམ་ལས་མེད། ཕྱིས་སུ་དམིགས་བསལ་གྱི་ལོ་རབས་དེར་ཚོང་པར་རྡུང་རྡེག་ཕོག་པར་བརྟེན་འཚོ་ཐབས་གཞན་ཞིག་མི་འཚོལ་ཀ་མེད་བྱུང་ཡོད།

    དེའི་རིང་ལྷ་སར་འཛུགས་སྐྲུན་ལས་རིགས་དར་པོ་བྱུང་ཞིང་། ཆུང་དུས་ནས་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ཆེ་ཙམ་ཡོད་པའི་ཁོང་གི་ཕས་ཚོང་ལས་བཞག་ནས་རྡོ་བཟོ་བ་དང་འཇིམ་བཟོ་བ་ཞིག་བྱས་ནས་འཚོ་ཐབས་བྱས་ཡོད།

    1976ལོར་ཚེ་རིང་དབང་འདུས་ཀྱིས་ལྷ་ས་སློབ་འབྲིང་དང་པོར་སློབ་སྦྱོང་བྱས་ཤིང་། སློབ་གྲྭར་སྐྱོད་རིང་ལོ་ན་ཕྲ་བའི་ཚེ་རིང་དབང་འདུས་ཀྱི་རི་མོའི་བརྩམས་ཆོས་ཁག་གཅིག་སྒྱུ་རྩལ་འགྲེམས་སྟོན་དང་འགྲན་བསྡུར་བྱེད་སྒོའི་ནང་ཞུགས་རྒྱུར་ཐེངས་མང་བདམས་ཡོད་ལ་བྱ་དགའ་ཡང་སྣ་ཚོགས་ཐོབ་མྱོང་ཡོད། དེ་ལས་ཁོང་གི་རི་མོ་འབྲི་བའི་སྤྲོ་བ་འཕེལ་ཡོད་ལ་རི་མོའི་ཐད་ཀྱི་ལྷན་སྐྱེས་ནུས་པའང་མངོན་ཐུབ་པ་བྱུང་ཡོད།

    ཉིན་བཞིན་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོ་སླད་ཕྱིན་འཚོ་བ་ཇི་འདྲ་བྱས་ནས་སྐྱེལ་དགོས་སམ། “ཁྱེད་ཚོས་རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ནས་ངེས་པར་དུ་ལག་རྩལ་ཞིག་ཁོང་དུ་ཆུད་པ་བྱེད་དགོས། དེ་ལྟར་བྱས་ན་སྤྱི་ཚོགས་སུ་སྐྱོད་སྐབས་གྱོང་རག་གི་མ་རེད” དེས་ན་ཨ་ཕས་ཕྲུ་གུ་ཚོའི་དགའ་ཕྱོགས་དང་གཤིས་ཀར་གཞིགས་ནས་གཅེན་པོ་ཆེ་བ་རྡོ་བཟོ་དང་ཤིང་བཟོ་དང་། གཅེན་པོ་འབྲིང་བ་རྐོ་དཀྲོལ། ཚེ་རིང་དབང་འདུས་ཐང་ག་བཅས་སློབ་པར་བཏང་།

    ཨ་ཕའི་ཤུགས་རྐྱེན་བཟང་པོའི་འོག ཚེ་རིང་དབང་འདུས་ཆུང་བྱིས་པའི་དུས་ནས་སྲོལ་རྒྱུན་རི་མོ་འབྲི་རྒྱུར་དད་ཞེན་ཆེན་པོ་བྱུང་བ་དང་ཆབས་ཅིག ཁོང་གིས་སྲོལ་རྒྱུན་རི་མོའི་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་ཞིག་ཀྱང་བྱ་རྒྱུའི་བློ་ཐག་བཅད།

    480304_yis_1517736280255.jpg

    འདི་ནི་ཚེ་རིང་དབང་འདུས་ཀྱིས་ཞ་ལུ་དགོན་གྱི་ལྡེབས་རིས་འབྲི་སྟངས་གཞིར་བཟུང་ཐང་ག་འབྲི་བའི་གནས་ཚུལ་ཡིན་པ།

    480309_yis_1517736284776.jpg

    འདི་ནི་ཚེ་རིང་དབང་འདུས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་བོད་ཀྱི་ཐང་ག་འབྲི་སྟངས་སྤྱད་དེ་བྲིས་པའི《གནས་བརྟན་བཅུ་དྲུག》ཡིན་པ།

    480311_yis_1517736286741.jpg

    མདོ་མཁར་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱི་ཟུར་ཞིག

    སྔར་ལས་ལྷག་པ་ཡོང་བའི་འབད་བརྩོན་བྱས།

    1979ལོར་སློབ་འབྲིང་ཐོན་རྗེས། ཚེ་རིང་དབང་འདུས་ཀྱིས་རི་མོ་འབྲི་བའི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པ་བྱས་ཤིང་། ཨ་ཕའི་འདོད་བློ་དང་རང་ཉིད་ཀྱི་ཕུགས་འདུན་ལྟར་སེམས་ཐག་ཆོད་པོས་བོད་ལྗོངས་གནའ་བོའི་ཨར་སྐྲུན་ཀུང་སིའི་དབུ་ཆུང་རྡོ་རྗེ་དགེ་རྒན་ལ་བསྟེན་ནས་ཐང་ག་འབྲི་རྩལ་སྦྱངས།

    རང་ཉིད་ཀྱི་རི་མོ་འབྲི་རྩལ་སྔར་ལས་ལེགས་སུ་གཏོང་ཆེད་ཚེ་རིང་དབང་འདུས་ཀྱིས་ད་དུང་དབུ་ཆེན་བཀྲ་ཤིས་ཚེ་རིང་དང་། དབུ་ཆེན་རིག་འཛིན་དཔལ་འབྱོར། དབུ་ཆེན་འཕྲིན་ལས་ཆོས་འཕེལ་སོགས་རི་མོའི་དགེ་རྒན་གཞན་དག་བསྟེན། དགེ་རྒན་མི་འདྲ་བ་ནས་རིག་གཞུང་ཤེས་བྱ་དང་རྩལ་ནུས་མི་འདྲ་བ་སྦྱངས་པ་དང་ཆབས་ཅིག་རྒན་རབས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཡང་བྱས། ལག་རྩལ་བྱང་ཆུབ་པོ་དང་ཉམས་མྱོང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སྦྲགས་ཚེ་རིང་དབང་འདུས་ཀྱིས་སེ་ར་དགོན་དང་། བཀྲ་ལྷུན་དགོན། བསམ་ཡས་དགོན། ས་སྐྱ་དགོན། ཞབས་བརྟན་དགོན་སོགས་དགོན་པ་མང་པོའི་ལྡེབས་རིས་ཉམས་གསོའི་ལས་ལ་ཞུགས་པས། སྨན་ཐང་ལུགས་ཀྱི་རྒྱུན་གཏན་གྱི་རི་མོའི་གཞུང་ལུགས་དང་རྩལ་ནུས་སྣ་ཚོགས་རིམ་བཞིན་ཁོང་དུ་ཆུད།

    ཚེ་རིང་དབང་འདུས་ཀྱིས་སྔ་བར་ཕྱི་གསུམ་དུ་རྒྱུན་གཏན་ཅན་གྱི་རྨང་གཞིའི་ལས་ཀར་བློ་ཡིད་ཚིམས་ནས་མ་བསྡད་པར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་ཆེད། 1981ལོ་དང་1982ལོར། ཁོང་གིས་སྨན་ཐང་ལུགས་ཀྱི་རྒྱུན་འཛིན་པའི་གྲས་ཤིག་ཡིན་པའི་བསྟན་པ་རབ་བསྟན་ས་ནས་སྲོལ་རྒྱུན་སྨན་ཐང་ལུགས་ཀྱི་ཐང་ག་འབྲི་རྩལ་སྦྱངས། ཁོང་གི་ཐང་ག་འབྲི་བའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པ་དང་དོན་དངོས་ཀྱི་བཀོལ་སྤྱོད་ནུས་པ་ཆེན་པོ་ཡོད་པས་གང་མགྱོགས་ཐང་ག་འབྲི་མཁན་བྱང་ཆུབ་པོ་ཞིག་ཏུ་གྱུར། དུས་མཚུངས་སུ་ཁོང་གི་བརྩམས་ཆོས་མང་པོར་ཚང་མས་མཐའ་གཅིག་ཏུ་ཁས་ལེན་དང་ཚད་མཐོའི་གདེང་འཇོག་ཐོབ།

    1982ལོར་ཚེ་རིང་དབང་འདུས་ཀྱི་བསམ་ཐོག་ལ་རྟ་རྒྱུག་པ་ལྟར། གཙང་ཁུལ་དུ་སྐད་གྲགས་ཡོད་པའི་ཕོ་བྲང་གི་ལྷ་འབྲི་བ་ཆེ་མོ་དབུ་ཆེན་ཤི་ལོག་གི་ས་ནས་སློབ་སྦྱོང་དང་ཟབ་སྦྱོང་བྱེད་སྐལ་ཐོབ། སློབ་དཔོན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག ཁོང་གིས་བོད་རིགས་ཀྱི་སྲོལ་རྒྱུན་སྨན་ཐང་ལུགས་ཀྱི་ཐང་གའི་ཆ་ཚད་དཔེ་ཆ་དང་། རྡོ་ཚོན་སྦྱོར་རྟ། རས་སེ་སྡེབ་སྦྱོར་སོགས་ཀྱི་མེས་པོའི་ལག་རྒྱུན་ལྡན་པའི་ཐང་ག་འབྲི་རྩལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱངས་པ་དང་འབྲེལ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་རྨང་གཞིའི་རྩལ་ནུས་དག་ལག་ལེན་ཁྲོད་སྤྱད་ནས་ཕུལ་བྱུང་གི་ཐང་ག་མང་པོ་བྲིས།

    དེ་ནི་དགེ་རྒན་བཟང་པོའི་དགེ་ཕྲུག་དང་ཕ་མ་བཟང་པོའི་བུ་རྒྱུད་ལྟར་རེད། དགེ་རྒན་ཆེ་མོ་བ་མང་པོའི་ས་ནས་སྨན་ཐང་ལུགས་ཀྱི་ཐང་ག་དང་། ལྡེབས་རིས། གོས་ཐང་ཆེ་གྲས་བཅས་འབྲི་རྩལ་སྦྱངས་པ་དང་འབྲེལ། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་མཐོང་ཆེན་བྱས་པས། ཚེ་རིང་དབང་འདུས་ཀྱི་ཐང་ག་འབྲི་རྩལ་བྱང་ཆུབ་པ་ཆགས་ནས་ཐང་གའི་བརྩམས་ཆོས་ཆེ་གྲས་དང་རྩེར་སོན་ཐང་གའི་བརྩམས་ཆོས་རྒྱུན་ཆད་མེད་པར་བཏོན་པ་དཔེར་ན། མི་སྣ་མི་འདྲ་བ་1000ལྷག་ཙམ་ཡོད་པའི《ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས(220×280cm)》དང་། 《སྒྲོལ་དཀར》 《གནས་བརྟན་བཅུ་དྲུག》སོགས་ཀྱི་ཐང་ག་སེ་ར་དགོན་དང་ལྷ་ལྡན་གཙུག་ལག་ཁང་སོགས་ཀྱིས་ཉར་ཚགས་བྱས་ཡོད།

    480306_yis_1517736282141.jpg

    ཁོང་གི་དགེ་ཕྲུག་བསྟན་འཛིན་གྱིས་རང་རྐྱ་འཕེར་བའི་ངང་ཐང་ག་འབྲི་བ།

    480308_yis_1517736283872.jpg

    རྡོ་ཚོན་སྣ་ཚོགས།

    480305_yis_1517736281190.jpg

    ཉམས་མྱོང་དམར་ཁྲིད།

    ཕྱོགས་རིས་མེད་པར་རྒྱུན་འཛིན་བྱས།

    མདོ་མཁར་ཐང་གའི་སྒྱུ་རྩལ་ལྟེ་གནས་གླིང་གི་གྱང་ངོས་ཀྱི་སྟེང་ཤོད་དུ《གནས་བརྟན་བཅུ་དྲུག》ཐང་ག་གཉིས་བཀལ་ཡོད་ཅིང་། “སྟེང་དུ་བཀལ་བའི་སྲོལ་རྒྱུན་གྱི་འབྲི་ཐབས་སྤྱད་ནས་བྲིས་པའི་ཐང་ག་འདིར་སྨན་ཐང་ལུགས་ཀྱིས་རྒྱུན་དུ་སྤྱོད་པའི་རྡོ་ཚོན་སྔོན་པོ་དང་ལྗང་ཁུ་བཏང་ཡོད། ཤོད་དུ་བཀལ་བའི་ཐང་ག་འདིར་ཀྲུང་གོའི་སྲོལ་རྒྱུན་རི་མོ་འབྲི་སྲོལ་སྤྱད་ནས་དངོས་བྲིས་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ཡོད། མི་སྣའི་རྣམ་འགྱུར་དང་མེ་ཏོག་དང་བྱིའུ་དེ་བས་གསོན་ཉམས་ལྡན་པ་ཞིག་ཡོད”ཅེས་ཆུ་མོའི་རྒྱུན་བཞིན་རྒྱུན་ཆད་མེད་པར་སྒྱུ་རྩལ་དོན་དུ་གཉེར་མཁན་ཚེ་རིང་དབང་འདུས་ཀྱིས་དེ་ལྟར་བརྗོད་ཅིང་། ཁོང་གིས་སྲོལ་རྒྱུན་ཐང་ག་འབྲི་རྩལ་རྒྱུན་འཛིན་དང་དུས་མཚུངས་བློ་ཁོག་ཆེན་པོས་སྲོལ་རྒྱུན་ལས་ཚད་བརྒལ་ཡོང་ཐབས་ཀྱང་བྱས་ཡོད།

    2012ལོར། རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་གདན་ཞུས་ལྟར་ཚེ་རིང་དབང་འདུས་ཀྱིས་དགོན་སྡེའི་གྲྭ་བཙུན་གྱི་རྒྱ་ཡིག་ཆེད་སྤྱོད་བསླབ་གཞི་གསུམ་པ《ཆོས་ལུགས་ཀྱི་ཐ་སྙད》ཀྱི་བར་འཇུག་རི་མོ་བྲིས་ཤིང་། ཁོང་གིས“དུས་ཡུན་རིང་པོ་སོང་བའི་དབང་གིས་མི་འགའ་རེས་ཆོས་ལུགས་སྤྱོད་ཆས་ཀྱི་མིང་དང་དངོས་པོ་ངོ་མ་ངོས་འཛིན་ཐུབ་ཀྱི་མི་འདུག བར་འཇུག་རི་མོ་ཡོད་པས་ང་ཚོས་དངོས་པོ་འདི་དག་ངོས་འཛིན་གསལ་པོ་ཐུབ་རྒྱུ་རེད”ཅེས་བརྗོད་ཀྱི་འདུག

    མི་གཞན་དག་གི་འཚོ་བར་རོགས་རམ་བྱ་ཆེད། ཚེ་རིང་དབང་འདུས་ཀྱིས་ད་དུང་ལོ་20ལ་མ་སོན་པའི་དུས་ནས་དགེ་ཕྲུག་ཁྲིད་འགོ་བཙུགས། དགེ་ཕྲུག་དེ་དག་ལ་ཤིང་ཚོན་གཏོང་སྟངས་བསླབས་པ་དང་དེ་ནས་ཁོང་ཚོར་རིམ་བཞིན་ཐང་ག་འབྲི་སྟངས་བསླབས། ད་ཆ་ཚེ་རིང་དབང་འདུས་ལ་ཁྱོན་དགེ་ཕྲུག་40ལྷག་ཙམ་ཡོད། “ཐེངས་ཤིག་ང་རང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་ལ་ལྟ་བར་སྐྱོད་སྐབས་རྒན་ཚེ་རིང་དབང་འདུས་ལགས་ཀྱི་བརྩམས་ཆོས་མཐོང་བྱུང་བས་རྒན་ལགས་ཀྱི་ཐང་ག་འབྲི་རྩལ་ལ་དད་མོས་དཔེ་མི་སྲིད་པ་བྱུང་། དུས་དེ་ནས་བཟུང་ཁོང་དགེ་རྒན་དུ་བསྟེན་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བསྟན་འཛིན་གྱིས་བརྗོད། བསྟན་འཛིན་ནི《རྒྱལ་ཆེན་རིགས་བཞི》ཐང་ག་འབྲི་མཁན་གྱི་གྲས་ཤིག་རེད། ད་ཆ་རྒན་ཚེ་རིང་དབང་འདུས་ལགས་བསྟེན་ནས་ལོ་8སོང་ཡོད། བསྟན་འཛིན་གྱིས“རྒན་ལགས་ཁོང་ནི་ཐང་ག་འབྲི་རྩལ་བྱང་ཆུབ་པ་དང་རེ་བ་ནན་པོ་འདོན་མཁན་ཞིག་རེད། ཐང་ག་འབྲི་རྩལ་ཆད་ལུས་མེད་པ་བརྒྱུད་ཁྲིད་གནང་གི་འདུག ངས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རྒན་ལགས་ལྟ་བུའི་མི་ཞིག་ཆགས་པ་བྱ་རྒྱུ་དེ་ཡིན”ཞེས་བརྗོད།

    ཚེ་རིང་དབང་འདུས་ཀྱིས་ཚེ་མཆོག་གླིང་གྲོང་ཚོར་མདོ་མཁར་ཐང་ག་སྒྱུ་རྩལ་ལྟེ་གནས་གཉེར་རྒྱུའི་གདམ་ག་བྱེད་དོན་ནི་ཕྱོགས་གཅིག་ནས་ས་རྒྱ་དེ་བས་ཆེ་བ་ཞིག་ཡོད་པ་བྱས་ཏེ་རང་ཉིད་དང་དགེ་ཕྲུག་རྣམས་ཀྱིས་ཐང་ག་འབྲི་བར་སྤྱོད་རྒྱུ་དེ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ཡུལ་སྐོར་བར་བོད་ཀྱི་ཐང་ག་འབྲི་བའི་བརྒྱུད་རིམ་མངོན་པར་བྱས་ཏེ་མི་དེ་བས་མང་བས་བོད་དང་ཐང་གའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བརྗོད།

    480307_yis_1517736282968.jpg

    ཚེ་རིང་དབང་འདུས་ཀྱིས་ཁོང་གི་དགེ་ཕྲུག་དོན་གྲུབ་ལ་དབུ་ཆེན་ཤི་ལོག་གི་ཐང་ག་འབྲི་བའི་ལོ་རྒྱུས་གླེང་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།