[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>གླིང་སྒྲུང་།
  • ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་ལོ་ཚོགས་དང་གེ་སར་རིག་གནས་གླེང་སྟེགས་བསྡུས་པ།

  • ཡོང་ཁུངས།   མཚོ་སྔོན་པོ་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-12-21

    格萨尔文化中心年会1.jpg

    2016ལོའི་ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་ལོ་ཚོགས་དང་གེ་སར་རིག་གནས་གླེང་སྟེགས་བསྡུས་པ།

    སྤྱི་ཟླ12པའི་ཚེས17ཉིན།  2016ལོའི་ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་ལོ་ཚོགས་དང་གེ་སར་རིག་གནས་གླེང་སྟེགས་སྒ་ཡུལ་སྐྱེ་དགུ་མདོའི་གེ་སར་ཕོ་བྲང་གསོལ་མགྲོན་ཁང་དུ་བསྡུས་ཤིང་། ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་འགན་འཛིན་ཐུབ་བསྟན་འབྱུང་གནས་ལགས་ཀྱིས་ཚོགས་འདུའི་མདོ་འཛིན་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མགོ་གཙོ་གཞོན་པ་ཚེ་རིང་སྒྲོལ་མ་དང་། ཡུལ་ཤུལ་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་ངག་དབང་དགེ་ལེགས། ཡུལ་ཤུལ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བ། ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགན་འཛིན་གཙང་འཇིགས་ཚེ། ཡུལ་ཤུལ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུན་ལས་འགན་གཞོན་པའམ་ཡུལ་ཤུལ་གྲོང་ཁྱེར་གྲོང་དཔོན་གཞོན་པ་གུར་དྲག ཡུལ་ཤུལ་ཁུལ་རིག་གནས་ཅུའུ་མགོ་གཙོ་གཞོན་པ་བསོད་ནམས་གྲགས་པ་སོགས་འབྲེལ་ཡོད་དབུ་ཁྲིད་དང་། བློ་བཟང་བློ་གྲོས་དང་འཇམ་དབྱངས་ཚུལ་ཁྲིམས། དཔལ་བཀྲ། སྦྱིན་པ་རིན་ཆེན། འབུམ་རམས་གོང་མ་བསོད་ནམས་སྟོབས་རྒྱལ་སོགས་ས་གནས་ཀྱི་ཆེད་མཁས་པ་དང་གེ་སར་སྒྲུང་པ། ཤེས་ཡོན་ཅན་སོགས་མི་སྣ་བརྒྱ་ལྷག་ཚོགས་ཐོག་ཏུ་ཕེབས་པ་རེད། 

    ཚོགས་ཐོག་ཏུ་ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི2016ལོའི་བྱ་བའི་སྤྱི་བསྡོམས་ཀྱི་བརྙན་ཐུང་ལ་བལྟས་པ་དང་། 2016ལོར་གེ་སར་རིག་གནས་ཀྱི་བྱ་གཞག་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་མི་སྒེར་དང་ཚོགས་པ་ཁག་ལ་བྱ་དགའ་ཕུལ་ཞིང་། ས་གནས་ཀྱི་གེ་སར་སྒྲུང་པ་རྣམས་ལ2016ལོའི་འཚོ་བའི་ཁ་གསབ་ཀྱི་མ་དངུལ་སྦྱིན་པ་དང་། དེ་དང་ཆབས་ཅིག་ཏུ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་ཡུལ་ཤུལ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ཀུན་བྱམས་ཁྱིམ་གཞིས་གེ་སར་སྒྲུང་པ་སྲུང་སྐྱོང་ལས་གཞིའི་མགོ་འཛུགས་མཛད་སྒོ་དང་ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་སྒྲུང་པ་གསོ་སྦྱོང་རྟེན་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཡང་སྤེལ་བ་རེད།

    格萨尔文化中心年会2.jpg

    ཚོགས་རའི་ཟུར་ཞིག

    སྔོན་གྱི་བྱ་བ་ཁག་ལ་སྤྱི་བསྡོམས་དང་མ་འོངས་པའི་ལས་ཕྱོགས་ལ་འཆར་གཞི་བཀོད་པའི2016ལོའི་ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་ལོ་ཚོགས་དེ་མཇུག་རྫོགས་རྗེས། ༼ སྤྱི་བསྡོམས་དང་འཆར་འགོད། རེ་ལྟོས༽ཞེས་བརྗོད་གཞི་བྱས་པའི་གེ་སར་རིག་གནས་གླེང་སྟེགས་སྤེལ། གླེང་སྟེགས་སྟེང་དུ། འདན་མ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས། སྐྱེ་དགུ་མདོའི་གེ་སར་སྒྲུང་གི་བཤད་རྒྱུན་དང་སྐྱེ་དགུ་མདོའི་གེ་སར་རིག་གནས་ཀྱི་ཁོར་ཡུག རང་ཉིད་ཆུང་ནས་ད་བར་དུ་གླིང་སྒྲུང་ལ་མོས་པ་ཆེ་ཞིང་དེའི་སྐོར་ལ་བརྩོན་པ་བྱས་པའི་སྐོར་ནས་ཁ་བརྡ་གནང་ཞིང་། དེ་རིང་གླེང་སྟེགས་འདི་ལྟ་བུ་ཞིག་ཚོགས་པ་དེས། ས་གནས་ཀྱི་གེ་སར་རིག་གནས་ཡར་རྒྱས་གོང་འཕེལ་འགྲོ་བ་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་དང་། དཔལ་བཀྲ་ལགས་ཀྱིས། ཐོག་མར་སེང་ཆེན་ནོར་བུ་དགྲ་འདུལ་གྱི་མཛད་པ་འཕྲིན་ལས་ལ་རྗེས་སུ་ཡི་རང་གནང་ནས། གེ་སར་སྒྲུང་གི་རིན་ཐང་དང་། ཡུལ་ཤུལ་སྐྱེ་དགུ་མདོའི་ཉེ་འགྲམ་གྱི་གེ་སར་རྗེས་ཤུལ། སྐྱེ་དགུ་ས་གནས་ཀྱི་སྒྲུང་ཡིག་རྙིང་བ་དག་བོར་བརླག་ཏུ་སོང་བའི་ལོ་རྒྱུས། གེ་སར་སྒྲུང་དང་ས་གནས་འཚོ་བའི་བར་གྱི་འབྲེལ་བ། གེ་སར་སྐུ་བཞེངས་པའི་དམིགས་ཡུལ་སོགས་གསུངས་ཤིང་། མ་འོངས་པར་གེ་སར་རྗེས་ཤུལ་གྱི་འཚོལ་ཞིབ་དང་གེ་སར་སྒྲུང་དེ་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་གཏོང་བའི་སྐོར་ནས་དགོངས་འཆར་གནང་། བློ་བཟང་བློ་གྲོས་ལགས་ཀྱིས། ཐོག་མར་དེ་རིང་གི་ཚོགས་འདུ་དང་གླེང་སྟེགས་ཀྱི་ཐོག་མཐའ་བར་གསུམ་དུ་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་ལེགས་པར་བྱེད་པར་གདེང་འཇོག་ཚད་མཐོ་གནང་བ་དང་། རང་གི་ཁྱིམ་རྒྱུད་དང་གེ་སར་སྒྲུང་གི་བར་གྱི་གཏམ་རྒྱུད་གསུངས་ཤིང་། རང་གི་མི་ཚེའི་འཚོ་བའི་ཁྲོད་ནས་གེ་སར་སྒྲུང་དང་འབྲེལ་བའི་མིག་ཆུ་ཐེངས་བཞི་ཤོར་བའི་རྒྱུད་རིམ་དང་། གེ་སར་སྒྲུང་གི་སྐད་ཆའི་རིན་ཐང་དང་དེ་དང་འབྲེལ་བའི་མི་ཚེའི་ཁ་ཆེམས་བརྗོད་པར་མ་ཟད། གེ་སར་སྒྲུང་པ་རྣམས་ཀྱི་འཇོན་ནུས་དང་། ས་གནས་མགོ་ཁྲིད་དག་གིས་གེ་སར་རིག་གནས་འཛིན་སྐྱོང་སྤེལ་བར་ལས་ཀ་གང་མང་བསྒྲུབས་པར་གདེང་འཇོག་ཚད་མཐོ་གནང་། སྦྱིན་པ་རིན་ཆེན་ལགས་ཀྱིས། གེ་སར་སྒྲུང་པར་སློབ་གསོའི་ཆ་རྐྱེན་སྐྲུན་དགོས་པ་དང་། འཚོ་བའི་ཁ་གསབ་རོགས་སྐྱོར་བྱེད་དགོས་པ་སོགས་གནད་དུ་ཁེལ་བའི་རེ་བ་ཆེན་པོ་བཞི་བཏོན། འབུམ་རམས་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ཁུལ་གྱི་གེ་སར་ཞིབ་འཇུག་དེ་དུས་རབས་དང་མཐུན་པའི་རིག་གཞུང་ཞིབ་འཇུག་གི་ཚད་གཞི་ལ་ཇི་ལྟར་འགྲོ་དགོས་པའི་སྐོར་ནས་དགོངས་འཆར་གཏོན། དགེ་ལེགས་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་སྨན་རྩིས་དང་འབྲེལ་ནས་གེ་སར་རིག་གནས་ངོ་སྤྲོད་གནང་བ་དང་། གེ་སར་རིག་གནས་ཁྱབ་སྤེལ་དེ་བརྡ་འཕྲིན་གི་ལམ་དུ་ཇི་ལྟར་ཞུགས་པའི་སྐོར་གྲོས་གཞི་གལ་ཆེན་སྟོན། རྡོ་བརྐོ་ངག་དབང་དགེ་ལེགས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་ལ་བཀའ་དྲིན་ཞུས་པ་དང་། གེ་སར་སྒྲུང་དུ་ལས་རིགས་སོ་སོའི་གཞུང་ལུགས་འདུས་ཡོད་པའི་དཔེ་མཚོན་བཀོད་དེ། རྗེས་ཕྱོགས་གེ་སར་སྒྲུང་དང་གེ་སར་རིག་གནས་དེ་ཇི་ལྟར་འཛིན་སྐྱོང་དང་འཕེལ་རྒྱས་གཏོང་ཕྱོགས་སྐོར་ནས་དགོངས་འཆར་གནང་ཞིང་། ཕུན་ཚོགས་ཟླ་བ་ལགས་ཀྱིས2016ལོའི་རང་ཁུལ་གྱི་གེ་སར་བྱ་བས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོ་གནང་ཞིང་། མ་འོངས་པའི་གེ་སར་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་།

    ཕྱི་དྲོར། གཙང་འཇིགས་ཚེ་དང་ཀརྨ་ལྷ་མོ། དབང་འདུས། པད་དགའ། རྣམ་གྲགས། ཀུན་དགའ་ཚེ་རིང་། བེ་རུ་ཚུལ་ཁྲིམས་སོགས་ཆེད་མཁས་པ་དང་ཤེས་ལྡན་པ་སུམ་ཅུ་ལྷག་གིས་སོ་སོའི་ལས་གནས་དང་འབྲེལ་ཏེ་གེ་སར་རིག་གནས་ཀྱི་བྱ་བའི་སྐོར་ནས་གསུངས་བཤད་གལ་ཆེན་གནང་ཞིང་། རྗེས་ཕྱོགས་ཀྱི་གེ་སར་བྱ་བ་བསྒྲུབ་སྟངས་ཐད་ནས་གནད་དུ་ཁེལ་ཞིང་འོས་ཤིང་འཚམས་པའི་བསམ་འཆར་གང་མང་བཏོན་པས། ཡུལ་ཤུལ་གྱི་གེ་སར་བྱ་བར་སྔར་མེད་ཀྱི་གསོན་ཤུགས་རྒྱས་སུ་བཅུག

    དགོང་མོར། 2016ལོའི་ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་ལོ་ཚོགས་ཀྱི་རིག་རྩལ་དགོང་ཚོགས་བསྡུས་ཤིང་། གེ་སར་རིག་གནས་དང་འབྲེལ་བའི་གླུ་དང་གཞས། སྙན་ཁག་གྱེར་འདོན། སྒྲུང་པ་ཁག་གིས་སྒྲུང་འདོན་པ་སོགས་འཁྲབ་སྟོན་སྣ་མང་བགྱིས་ཏེ་ཚོགས་འདུ་དེ་ཉིད་གྲ་རྒྱས་ཕུན་སུམ་ཚོགས་པའི་མཇུག་བསྡུས་པ་རེད།

    མདོར་ན། 2016ལོའི་ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་ལོ་ཚོགས་དང་གེ་སར་རིག་གནས་གླེང་སྟེགས་བསྡུས་པ་དེ་ནི་ཡུལ་ཤུལ་གེ་སར་རིག་གནས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ལ། ས་གནས་ཀྱི་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཁ་དབུགས་ཇེ་ཐུག་ཏུ་གཏོང་བ་ལ་ནུས་པ་མི་དམན་པ་ཞིག་ཐོན་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།