[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • གྲི་གུ་རྩྭ་ཐང་སྟེང་གི་མཚར་སྡུག་རྣམ་པར་བཀྲ་བའི་མཛེས་ལྗོངས་ཤིག

    —— མཚོ་སྨད་རྫོང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བྲག་རྩའི་རྒྱན་གོས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-07

    2140733_yis_1651852800000_s.jpg

    འདི་ནི་མཚོ་སྨད་རྫོང་གི་བྲག་རྩའི་རྒྱན་གོས་ཡིན་པ།

    ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩྭ་གྲོང་ཚོ་ཞེས་པའི་དོན་ནི་བྲག་གཤམ་དུ་གནས་པའི་དོན་ཡིན་ཞིང་། ཆ་སྙོམས་ས་བབ་སྨི་4600ཡོད་པ་དང་། མི་གྲངས་2000ལྷག་ཙམ་ཡོད་པ་དེ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད། རྩྭ་ཆུ་བཟང་བའི་གྲི་གུ་རྩྭ་ཐང་གི་འཚོ་སྐྱོང་འོག་དེ་གའི་འབྲོག་ཟོག་སྣ་ཁ་འཛོམས་པ་དང་ཚགས་ཤ་དང་། མར། ཕྱུར་བ་བཅས་ལྗོངས་ཡོངས་སུ་ཕྱིར་ཚོང་བྱེད་པ་མ་ཟད་ད་དུང་ན་གཞོན་འབྲོག་པས་བརྙན་ཐུང་ལས་སྟེགས་བརྒྱུད་ཐད་གཏོང་ཟོག་ཚོང་བྱས་ནས་ཡོང་འབབ་བསགས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས།

    འབྱོར་ཕྱུག་ལྡན་པའི་བྲག་རྩྭ་གྲོང་ཚོར་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་འདྲིས་ཀྱིས་ཕྱུག་པ།

    མཚོ་སྨད་རྫོང་ཧྲིལ་པོར་གྲོང་ཚོ་དེའི་བུད་མེད་ཁོ་ནས་གྱོན་པའི་རྒྱན་གོས་ཤིག་ཡོད་པ་དེར་བྲག་རྩའི་རྒྱན་གོས་ཟེར་བ་དང་དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེད།

    བྲག་རྩྭ་གྲོང་ཚོའི་བྲག་རྩའི་རྒྱན་གོས་མཉམ་ལས་ཁང་གི་འགྲེམས་ཁང་དུ་སླེབས་སྐབས་ཚོན་མདངས་རྣམ་པར་བཀྲ་བའི་བྲག་རྩའི་རྒྱན་གོས་ལས་མིག་དབང་རབ་ཏུ་འཕྲོག བྲག་རྩའི་རྒྱན་གོས་ཀྱི་རྒྱུན་འཛིན་པ་ངག་དབང་བསྟན་དར་གྱིས་བྲག་རྩའི་རྒྱན་གོས་ཀྱི་ཤོད་སྲོལ་སྐོར་ལ་ཁྱིམ་ནོར་བགྲངས་པ་ལྟར་གླེང་རྒྱུ་ཡོད་ཅིང་། ཁོང་གིས་བྲག་རྩའི་རྒྱན་གོས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་འཚེམ་བུ་ཕྱི་ངོས་ནས་བརྒྱབ་པས་ཕྱི་ནང་སློག་ཏེ་གྱོན་པ་ལྟར་སྣང་བ་དང་སྟོད་གོས་ཀྱི་གོང་པ་ནི་བོད་ཆས་སྤྱིར་བཏང་ལྟར་གསེག་ངོས་མིན་ཞིང་། ཕྱི་དབྱིབས་ནས་ལྭ་རིང་ཞིག་དང་མཚུངས་པ་དང་གྱོན་གོས་རི་མོ་ནི་ཤད་རིས་དང་ཁྲ་རིས་རིགས་གཉིས་ཡོད་པའི་སྣམ་བུ་ལས་བཟོས་པའི་ཕྱི་ནང་གཉིས་ཡོད་པ་དང་ནང་གོས་ནི་ཕུ་ཐུང་རིང་བའི་ལྭ་བ་དང་ཕྱི་གོས་ནི་ཕུ་ཐུང་མེད་པའི་ལྭ་བ་རིང་པོ་ཞིག་ཡོད་པ་དེའི་གྲང་འགོག་ནུས་པ་ཆེན་པོ་ཡོད་ལ་དབྱར་དུས་བོད་བཟོའི་འོག་འཇུག་གི་ཕྱིར་ཕུ་མེད་དེ་གཅིག་པུ་གྱོན་ན་འགྲིག་ཅེས་ངོ་སྤྲོད་བྱས།

    ངག་དབང་བསྟན་དར་གྱིས་གསར་འགོད་པར་བྲག་རྩའི་རྒྱན་གོས་ཀྱི་བཟོ་རྩལ་རྙོག་འཛིང་ཆེ་བ་དང་སྣམ་བུ་འཁེལ་བ་ནས་ཚོས་རྒྱག་པ་དང་འཚེམ་པའི་བར་རྒྱན་གོས་ཆ་ཚང་གཅིག་བཟོ་བར་དུས་ཡུན་ཟླ་བ་གཉིས་ཙམ་འགོར་བ་དང་ལོ་རེར་གྱོན་གོས་ཆ་ཚང་བཞི་ལྔ་ལས་བཟོ་ཐུབ་ཀྱི་མེད། མིག་སྔར་རྒྱན་གོས་ཆ་ཚང་གཅིག་ལ་སྒོར་ཁྲི་1ཙམ་རེད། བྲག་རྩའི་རྒྱན་གོས་ནི་དེ་སྔ་གྲོང་ཚོའི་བུད་མེད་ཚོའི་རྒྱུན་གཏན་གྱི་གོས་ཡིན་པ་དང་ད་ཆ་དུས་སྟོན་གལ་ཆེ་བའི་སྐབས་སུ་གྱོན་གྱི་ཡོད། བྲག་རྩའི་རྒྱན་གོས་ནི་གྲོང་ཚོ་དེ་ཁོ་ནར་དར་བ་དང་ཕྱི་ཕྱོགས་སུ་བག་མར་ཕྱིན་པ་ལས་ཡུལ་གཞན་དུ་དར་ཁྱབ་ཕྲན་བུ་བྱུང་ཡོད།

    རྒྱུན་འཛིན་ཇི་ལྟར་བྱ་རྒྱུ་ནི་ལོ་51ལ་སླེབས་པའི་ངག་དབང་བསྟན་དར་གྱིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་བྱ་བ་ཞིག་རེད། ཁོང་གིས་ལོ་བཅོ་ལྔ་བཅུ་དྲུག་ནས་ཕའི་གམ་ནས་འཚེམ་བཟོ་སྦྱངས་པ་དང་ཨ་མའི་གམ་ནས་འཁེལ་འཐག་ལག་རྩལ་སྦྱངས། ལོ་30ལྷག་ཙམ་རིང་ཁོང་གིས་ལག་རྩལ་དེ་བྱང་ཆུབ་པའི་ངང་ཁོང་དུ་ཆུད། 2008ལོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་བ་དང་ངག་དབང་བསྟན་དར་གྱིས་སེམས་ཁུར་ཆེ་ཤོས་བྱེད་པ་ནི་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ཞིང་། བྲག་རྩའི་རྒྱན་གོས་རྒྱུན་འཛིན་ཡག་པོ་བྱ་ཆེད་ཁོང་གིས་རང་ཉིད་གམ་གྱི་མིར་ལག་རྩལ་དེ་བསླབས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་བཟོ་བ་དང་འགྲེམས་སྟོན་བྱེད་སྒོར་ཧུར་ཐག་ཞུགས་པའི་ཁར་གྲི་གུ་འབྲོག་པའི་དུས་ཆེན་སྐབས་རྟག་ཏུ་བྲག་རྩའི་རྒྱན་གོས་འགྲེམས་སྟོན་བྱེད་ཀྱི་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཁོང་གིས་རྒྱན་གོས་དེར་བཟོ་བཅོས་ཕྲན་བུ་བརྒྱབ་ནས་ཕྱི་གོས་ནང་གོས་གཉིས་ཡོད་པ་དེ་སྣ་ཁ་གཅིག་བཟོས་པ་དང་གོང་པ་གསེག་ངོས་སུ་བཏོན་ནས་ད་ཆའི་ལྷ་སའི་བོད་ཆས་ལྟར་སྐེ་རགས་བསྒར་ཡོད་པ་དེ་ནི་ཚང་མའི་རྒྱུན་གཏན་གྱི་འཚོ་བའི་གོམས་འདྲིས་ལ་གཞིགས་པ་ཞིག་ཡིན་སྟབས་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    བྲག་རྩའི་རྒྱན་གོས་ནི་2008ལོའི་ཟླ་2པར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོར་གྱུར་བ་དང་། ལོ་དེའི་ཟླ་6པར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པར་གཏན་འཁེལ་བྱས། 2018ལོར་ངག་དབང་བསྟན་དར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས། བྲག་རྩའི་རྒྱན་གོས་ཀྱི་བཟོ་རྩལ་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་ཆེད། 2012ལོར་མཚོ་སྨད་རྫོང་རིག་དངོས་ཅུས་ཀྱིས་མ་དངུལ་བཏང་ནས་བྲག་རྩའི་རྒྱན་གོས་མཉམ་ལས་ཁང་བཙུགས་པ་དང་2015ལོར་དངོས་སུ་བསྐྲུན་པ་དང་འབྲེལ་གཉེར་སྐྱོང་བྱེད་འགོ་ཚུགས།

    ལོ་མང་རིང་མཚོ་སྨད་རྫོང་གིས“སྲུང་སྐྱོང་ཨང་དང་པོ་དང་། ལུགས་མཐུན་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་འདུ་ཤེས་བཅངས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྲུང་སྐྱོང་ཁྱབ་ཁོངས་རྒྱ་སྐྱེད་བཏང་ཞིང་། མིག་སྔར། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བྲག་རྩའི་རྒྱན་གོས་ཕུད་ད་དུང་ལྷོ་ཁ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་2དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་རྣམ་གྲངས་9ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།