[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • སྟོད་གཞས་དང་ལས་དབང་དམ་པོར་སྦྲེལ་བའི་བཀྲིས་དབང་ལགས་ཀྱི་མི་ཚེ།

  • ཡོང་ཁུངས།   ལྷ་རྩེའི་སྐར་ཁུང།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-20

    སྟོད་གཞས། 《ཇོ་ལགས་སྲས་ཆུང》


    སྟོད་གཞས་བོད་ཁུལ་དུ་དར་ཁྱབ་ཆེ་ལ། ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད་ཅིང་། སྒྲ་སྙན་གྱི་རོལ་དབྱངས་དང་བསྡོངས་ནས་འཁྲབ་གཏོང་བྱེད་པའི་གླུ་གཞས་ཤིག་རེད། དང་ཐོག་མར་ཡར་ཀླུང་གཙང་པོའི་སྟོད་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད། མངའ་རིས་ས་ཁུལ་བཅས་ལ་དར་ཁྱབ་བྱུང་བ་དང་། ཕྱིས་སུ་བོད་ཀྱི་ས་ཕྱོགས་གང་སར་དར་བའི་གླུ་གཞས་ཤིག་རེད། 

    1.jpg

    ལྷ་རྩེའི་སྟོད་གཞས་ཀྱང་སྟོད་གཞས་གཞན་དང་འདྲ་བར་སྒྲ་སྙན་དང་བསྡོངས་ནས་གླུ་གཞས་འཁྲབ་གཏོང་བྱེད་ཅིང་། རྐྱང་གཞས་དང་མཉམ་གཞས་སོགས་རྣམ་པ་གང་རུང་ནས་འཁྲབ་ཆོག ལྷ་རྩེའི་བརྒྱུད་ཀྱི་ཞིང་འབྲོག་མང་ཚོགས་མང་ཆེ་བས་སྒྲ་སྙན་དཀྲོལ་གཏོང་དང་། སྟོད་གཞས་འཁྲབ་གཏོང་ཤེས་པ་མ་ཟད། དུས་ཆེན་ཆེ་ཁག་ཏུ་ངེས་པར་དུ་ལྷ་རྩེའི་སྟོད་གཞས་འཁྲབ་ཀྱི་ཡོད།

    ལྷ་རྩེའི་སྟོད་གཞས་2007ལོར་བོད་རང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པ་དང་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པར་ཚུད་ཡོད།

    བཀྲ་ཤིས་དབང་ལགས། 

    རང་སྐྱོང་ལྗོངས་རིམ་པའི་ལྷ་རྩེའི་སྟོད་གཞས་ཀྱི་རྒྱུན་འཛིན་བ།

    2.jpg

    ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གི་བཀྲ་ཤིས་དབང་ལགས་ཆུང་བྱིས་པའི་དུས་ནས་སྟོད་གཞས་ལ་དང་ཞེན་ཆེ་ཞིང་། 1991ལོར་བོད་ལྗོངས་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། ལྷ་རྩེ་རྫོང་ཆ་ཚང་སློབ་ཆུང་གིས་རོལ་དབྱངས་དགེ་རྒན་གནང་མྱོང་བ་དང་། ད་ལྟ་ལྷ་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རྩོམ་ཁྲིད་པ་དང་འཁྲབ་སྟོན་པ་རེད། ཁོང་སྟོད་གཞས་འཁྲབ་གཏོང་ལ་བྱང་ཆུབ་ཅིང་། སྒྲ་སྙན་དཀྲོལ་གཏོང་ལ་མཆོག་ཏུ་གྱུར་པ་མ་ཟད། ད་དུང་སྟོད་གཞས་གསར་རྩོམ་ལ་མཁས་པས། ད་ཆ་བོད་རང་སྐྱོང་ལྗོངས་རིམ་པའི་ལྷ་རྩེའི་སྟོད་གཞས་ཀྱི་རྒྱུན་འཛིན་བ་རེད།

    3.jpg

    བཀྲ་ཤིས་དབང་ལགས་རོལ་དབྱངས་དགེ་རྒན་གནང་ནས་ལོ་18དང་། རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འགན་འཁུར་བ་དང་། རྩོམ་ཁྲིད་པ། འཁྲབ་སྟོན་པ་བཅས་ཀྱི་ཕྱག་ལས་གནང་བའི་ལོ་7རིང་། ཁོང་གིས་སྟོད་གཞས་2300ལྷག་གསར་རྩོམ་གནང་བ་དང་། 《དཔྱིད་ཀྱི་དབྱངས་སྒྲ》དང་། 《གྲོང་གསེབ་གསར་པ》《སྒྲ་སྙན་གྱི་འགྱུར་ཁུག》སོགས་ལ་ཀུན་གྱིས་གདེང་འཇོག་ཡག་པོ་བྱེད་པ་མ་ཟད། ད་བར་ལྷ་རྩེའི་ཞིང་འབྲོག་མང་ཚོགས་ཀྱི་འཁྲབ་སྟོན་པ་400ལྷག་ཙམ་གསོ་སྐྱོང་གནང་ཡོད།  ཁོང་གིས་སྣེ་ཁྲིད་པའི་སྟོད་གཞས་ཀྱི་འཁྲབ་སྟོན་རུ་ཁག་གིས་སྔ་རྗེས་སུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་དུས་ཆེན་དང་མཛད་སྒོར་ལྷ་རྩེའི་སྟོད་གཞས་འཁྲབ་སྟོན་བྱས་པས། ད་ཆ་ལྷ་རྩེའི་སྟོད་གཞས་ཀྱི་ཁྱད་འཕགས་ལྡན་པའི་སྙན་དབྱངས་ཀྱི་འགྱུར་ཁུག་ལྗོངས་ཕྱི་ནང་དང་རྒྱལ་ནང་གི་ས་ཕྱོགས་ཁག་གི་སྐྱེ་བོ་དུ་མའི་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་ཅིང་། མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་ལ་བྱས་རྗེས་རྫོགས་མཐའ་མེད་བཞག་ཡོད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།