[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་སྲོལ་ཡིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-24

    (2015ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བ། 2019ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་དག་བཅོས་བྱས)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། སྲུང་སྐྱོབ་དང་དོ་དམ།

    ལེའུ་གསུམ་པ། ལུགས་མཐུན་བེད་སྤྱོད།

    ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་ལྔ་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ཞེས་པ་ནི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པའི་ཕོ་བྲང་པོ་ཏ་ལ་དང་དེ་བཞིན་རྒྱས་སྐྲུན་རྣམ་གྲངས་ལྷ་ལྡན་གཙུག་ལག་ཁང་དང་ནོར་བུ་གླིང་ཁར་ཟེར་བ་ཡིན།

    དོན་ཚན་གསུམ་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་དུ་སྲུང་སྐྱོབ་དོ་དམ་དང་། གཞི་རྩའི་འཛུགས་སྐྲུན། ཐོན་སྐྱེད་འཚོ་བ། ཆོས་ལུགས། རིག་གནས་བྱེད་སྒོ། ལྟ་སྐོར་སྤྲོ་གསེང་། ཚན་རིག་ཞིབ་འཇུག ལས་གཉེར་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་སྲོལ་ཡིག་འདི་སྤྱད་ན་འཐུས།

    དོན་ཚན་བཞི་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དོ་དམ་བྱེད་སྐབས་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། སྲུང་སྐྱོབ་གཙོ་བཟུང་། ལུགས་མཐུན་བེད་སྤྱོད། ལྟ་འདོམས་ལ་ཤུགས་སྣོན་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དེའི་ལོ་རྒྱུས་ཀྱི་ཉམས་འགྱུར་དང་རང་བྱུང་ཁོར་ཡུག་གི་མངོན་སུམ་རང་བཞིན་དང་ཆ་ཚང་རང་བཞིན་འགན་ལེན་ཐུབ་པ་བྱེད་དགོས།

    དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འཆར་འགོད་བཟོ་འགོད་ཀྱི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་བྱེད་པའི་ལས་དོན་ཁྲོད་ཀྱི་གནད་དོན་ཚབས་ཆེན་མཐུན་སྦྱོར་ངང་ཐག་གཅོད་རྒྱུ།

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་སྲུང་སྐྱོབ་འཆར་འགོད་བཟོ་འགོད་ཀྱི་སྒྲིག་འཛུགས་བྱས་པ་བཞིན་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་སྲུང་སྐྱོབ་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས།

    རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ནི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་གྱི་གཙོ་འགན་སྡེ་ཚན་ཡིན་པས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྲིམས་བཞིན་འཁུར་རྒྱུ།

    རིག་གནས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུབ་སྐྱོབ་བྱེད་ཁོངས་ནང་སྲུང་སྐྱོབ་དོ་དམ་བྱེད་འགན་འཁུར་རྒྱུ།

    རིག་གནས་དང་། ནོར་སྲིད། གོང་འཕེལ་དང་བསྒྱུར་བཅོས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ཁྲོམ་ར་ལྟ་སྐུལ་དོ་དམ། ཡུལ་སྐོར། སྤྱི་བདེ། ཆོས་ལུགས། ནགས་ལས་དང་རྩྭ་ཐང་། ས་ཡོམ། གནམ་གཤིས། མེ་སྐྱོན་འགོག་གསོད་སོགས་ཀྱིས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ལྟར་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དང་འབྲེལ་བ་ཡོད་པའི་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་རྒྱུ།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་འཆར་འགོད་ནང་འཇུག་དགོས་ཤིང་། དེ་ཐད་ཀྱི་འགྲོ་གྲོན་ཚང་མ་ནོར་སྲིད་ནས་འགན་སྲུང་བྱེད་རྒྱུ།

    དོན་ཚན་བདུན་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་རིགས་གཅིག་མཁས་ཅན་ལ་བློ་འདྲི་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཕོ་བྲང་ཕོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་འབེབས་དང་། ཕོ་བྲང་ཕོ་ཏ་ལའི་རིག་གནས་ཤུལ་བཞག་དང་འབྲེལ་བའི་འཛུགས་སྐྲུན་ལས་གྲྭའི་ཞིབ་མཆན། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དང་འབྲེལ་བའི་དེ་མིན་གྱི་གཙོ་ཆེའི་དོན་གནད་རིགས་གཏན་འབེབས་བཅས་བྱེད་སྐབས་ངེས་པར་དུ་རིགས་གཅིག་མཁས་ཅན་གྱི་བསམ་འཆར་ཉན་དགོས།

    དོན་ཚན་བརྒྱད་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དོ་དམ་བྱེད་པའི་འགྲོ་གྲོན་དང་ཉམས་བཟོའི་མ་དངུལ་གྱི་ཡོང་ཁུངས་ནི།

    (གཅིག)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཆེད་སྤྱོད་མ་དངུལ་དང་།

    (གཉིས)རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་གྲོན།

    (གསུམ)བྱ་གཞག་རང་བཞིན་གྱི་ཡོང་འབབ།

    (བཞི)སྤྱི་ཚོགས་ཀྱི་ཞལ་འདེབས།

    (ལྔ)ཁྲིམས་མཐུན་གྱི་ཡོང་འབབ་གཞན་དག་བཅས་ཡིན།

    ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དོ་དམ་བྱེད་པའི་འགྲོ་གྲོན་དང་ཉམས་བཟོའི་མ་དངུལ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆེད་དངུལ་ཆེད་སྤྱོད་བྱེད་དགོས་པ་ལས་ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་ཡིན་རུང་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོག

    དོན་ཚན་དགུ་པ། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་ཡིན་རུང་ཚང་མར་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད།

    རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ནས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་བྱེད་པའི་ལས་ཀའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་གྱི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུ་དང་བྱ་དགའ་སྤྲོད་རྒྱུ། ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཚན་པ་དང་མི་སྒེར་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་གཟེངས་བསྟོད་བྱེད་རྒྱུ།

    ལེའུ་གཉིས་པ། སྲུང་སྐྱོབ་དང་དོ་དམ།

    དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ། སྲུང་སྐྱོབ་ཀྱི་འཆར་འགོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ནས་ཞིབ་གཏན་འཁེལ་རྗེས་ལག་བསྟར་བྱེད་རྒྱུ།

    རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་ལག་བསྟར་བྱེད་འགན་འཁུར་རྒྱུ།

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་བཟོ་སྐབས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་དང་ཕན་ཚུན་མཐུན་སྦྱོར་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། སྲུང་སྐྱོབ་ཀྱི་འཆར་འགོད་གཞིར་བཟུང་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་ལ་དོ་དམ་བྱེད་རྒྱུ། སྲུང་སྐྱོབ་བྱེད་ཁོངས་ནང་གི་སྲུང་སྐྱོབ་དོ་དམ་བྱེད་པའི་ལས་དོན་དེ་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཞིབ་ཕྲའི་འགན་འཁུར་རྒྱུ་དང་། འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་ནང་གི་སྲུང་སྐྱོབ་དོ་དམ་བྱེད་པའི་ལས་དོན་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རིག་དངོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཐོག་འགན་འཁུར་རྒྱུ།

    ཁྱབ་བསྒྲགས་བྱས་ཟིན་པའི་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་ལ་གཞིགས་ནས་རིག་དངོས་སྲུང་སྐྱོང་དོ་དམ་ལས་ཁུངས་ཀྱིས་ཡུན་རིང་རང་བཞིན་གྱི་སྲུང་སྐྱོབ་མཚོན་རྟགས་དང་མཚམས་རྟགས་འཛུགས་པ་དང་། ཕྱོགས་བཞིའི་མཚམས་བཅད་དང་། སྲུང་སྐྱོབ་ཀྱི་གསལ་བཤད། བཀག་སྡོམ་གྱི་བྱེད་སྤྱོད་སོགས་གསལ་པོར་འགོད་དགོས།

    སྲུང་སྐྱོབ་ལས་ཁུངས་ནས་སྲུང་སྐྱོབ་ཀྱི་མཚོན་རྟགས་དང་མཚམས་བཅད་ལ་བདག་སྐྱོང་དང་དོ་དམ་བྱེད་འགན་འཁུར་རྒྱུ།

    དོན་ཚན་བཅུ་གཉིས་པ། སྲུང་སྐྱོབ་བྱེད་ཁོངས་ནང་གཤམ་གསལ་བྱེད་སྤྱོད་རིགས་བཀག་སྡོམ་བྱེད་རྒྱུ་སྟེ།

    (གཅིག)རིག་དངོས་སྲུང་སྐྱོབ་ཀྱི་མཚོན་རྟགས་ཐོག་རི་མོ་བྲིས་བྱུགས་སྦྱར་བཅས་བྱེད་རིགས་དང་།

    (གཉིས)རིག་དངོས་དང་སྲུང་སྐྱོབ་སྒྲིག་བཀོད་ཐོག་འཛེག་བརྒལ་བྱེད་རིགས།

    (གསུམ)རིག་དངོས་སྲུང་སྐྱོབ་བྱེད་རྒྱུ་དང་འབྲེལ་བ་མེད་པའི་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་དང་བསྒར་སྒྲིག་བྱེད་རིགས།

    (བཞི)གད་སྙིགས་གཤོ་བ་དང་མེ་བསྲེགས་གཏོང་རིགས།

    (ལྔ)རིག་དངོས་ཨར་སྐྲུན་དང་དེའི་ཞོར་གཏོགས་ཨར་སྐྲུན་དངོས་པོར་གཏོར་སྐྱོན་དང་གཏོར་བརླག་གཏོང་བ་དང་། བཟུང་སྤྱོད་བྱེད་རིགས།

    (དྲུག)འཕྲིན་གཏོང་དང་ཕྱི་རོལ་བརྡ་ཁྱབ་འཛུགས་པ་དང་མི་ཐབས་གནས་ལྗོངས་བཟོ་རིགས།

    (བདུན)པར་རྒྱག་མི་ཆོག་པའི་མཚོན་རྟགས་བཙུགས་པའི་ཁུལ་ཁོངས་སུ་པར་རྒྱག་རིགས།

    (བརྒྱད)ས་འོག་གམ་བར་སྣང་དུ་རིག་དངོས་ཨར་སྐྲུན་དང་དེའི་ཞོར་གཏོགས་ཨར་སྐྲུན་དངོས་པོའི་བདེ་འཇགས་ལ་གནོད་པའི་ཉེན་ཆེའི་ལས་ཀ་བྱེད་རིགས།

    (དགུ)རིག་དངོས་ཀྱི་བདེ་འཇགས་ལ་གནོད་པའི་འབར་གས་སླ་བ་དང་དེ་མིན་རིག་དངོས་བདེ་འཇགས་ལ་གནོད་པའི་དངོས་རྫས་དང་སྒྲིག་བཀོད་སྒྲིག་སྦྱོར་དང་། ཉར་འཇོག བེད་སྤྱོད་བཅས་བྱེད་རིགས།

    (བཅུ)རིག་དངོས་ཀྱི་བདེ་འཇགས་ལ་གནོད་པའི་རྩི་ཤིང་འདེབས་འཛུགས་བྱེད་རིགས།

    (བཅུ་གཅིག)ཆུ་གློག་མཁོ་འདོན་དང་། མེ་ཟོན། ལྟ་ཞིབ་ཚད་ལེན་བཅས་ཀྱི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་རིགས།

    (བཅུ་གཉིས)རང་འཚམ་གྱིས་འཛུགས་སྐྲུན་ལས་གྲྭའམ་འབར་གཏོར་དང་། གསོར་འབིགས། བསྔོག་འདོན་སོགས་ཀྱི་ལས་ཀ་བྱེད་རིགས།

    (བཅུ་གསུམ)རིག་དངོས་ཀྱི་བདེ་འཇགས་ལ་གནོད་བཟོ་ཡོད་པའི་བྱ་སྤྱོད་གཞན་དག་བཅས་སོ།

    དོན་ཚན་བཅུ་གསུམ་པ། སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་དུ་ཨར་སྐྲུན་དངོས་པོ་གསར་སྐྲུན་དང་། རྒྱ་སྐྱེད། རྒྱས་སྐྲུན་བཅས་བྱེད་པ་དང་། དེ་བཞིན་སྔོ་ལྗང་། ཆུ་གློག་དྲོད་མཁོ་འདོན། ཆུ་ལེན་སོགས་བྱེད་སྒོའི་ལས་གྲྭའི་ཇུས་འགོད་ཇུས་གཞི་བཟོ་རྒྱུར་ངེས་པར་དུ་རིག་དངོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུ་བེད། གློག་ཤུགས། སྐྱེ་ཁམས་ཁོར་ཡུག མེ་སྐྱོན་འགོག་གསོད་སོགས་སྡེ་ཚན་གྱིས་ཞིབ་གཏན་མོས་མཐུན་བྱུང་རྗེས་ཁྲིམས་བཞིན་ཆོག་མཆན་ཞུ་དགོས།

    དོན་ཚན་བཅུ་བཞི་པ། སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་དུ་ཨར་སྐྲུན་དངོས་པོ་གསར་སྐྲུན་དང་། རྒྱ་སྐྱེད། རྒྱས་སྐྲུན་བཅས་བྱེད་སྐབས་དེའི་མཐོ་ཚད་དང་། ཉམས་འགྱུར། གཞི་རྒྱ། ཚོས་མདོག་སོགས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འཆར་འགོད་བླང་བྱ་དང་མཐུན་པ་དགོས། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་ཡིན་རུང་སྔར་གྱི་ཨར་སྐྲུན་དངོས་པོའི་ཐོག་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་མཐོང་ལམ་དང་ལོ་རྒྱུས་ཀྱི་ཉམས་འགྱུར་ལ་ཤུགས་རྐྱེན་ཐེབས་པའི་སྐྲུན་དངོས་དང་ཞོར་གཏོགས་སྒྲིག་བཀོད་བརྒྱབ་མི་ཆོག

    རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་ནང་གི་འཛུགས་སྐྲུན་བྱེད་སྒོར་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་གྱི་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ཤེས་ཚེ་ངེས་པར་དུ་ལམ་སེང་བཀག་འགོག་བྱེད་དགོས་པ་མ་ཟད། འཕྲལ་མར་རིག་དངོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    དོན་ཚན་བཅོ་ལྔ་པ། སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་ཁུལ་ནང་གསར་སྐྲུན་བྱས་པའི་སྐྲུན་དངོས་སོགས་ལས་རིག་དངོས་བདེ་འཇགས་ལ་གནོད་སྐྱོན་བཟོ་བ་དང་། ལོ་རྒྱུས་ཀྱི་ཉམས་འགྱུར་ལ་གཏོར་སྐྱོན་བཟོ་བ། མཐོང་ལམ་ལ་ཤུགས་རྐྱེན་ཐེབས་པའི་རིགས་ལ་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་བཀག་འགོག་བྱེད་དགོས་པ་མ་ཟད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། འཆར་འགོད་སོགས་སྡེ་ཚན་ལ་བཅོས་སྒྲིག་བྱེད་དགོས་པའི་གྲོས་འཆར་ཡང་འདོན་དགོས་ཤིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། འཆར་འགོད་སོགས་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་འབྲས་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་དུས་བཀག་ཐོག་ལྟ་ཞིབ་ཚད་ལེན་བྱས་ཏེ་དུས་བཀག་གི་ལྟ་ཞིབ་ཚད་ལེན་སྙན་ཞུ་བཟོ་དགོས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཞིབ་དཔྱད་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་རྒྱུན་འགལ་གྱི་གནས་ཚུལ་ལམ་ཡང་ན་ཉེན་ཁའི་རྒྱུ་ཐོན་ཚེ་ངེས་པར་དུ་འཕྲལ་མར་ཁ་གཏད་གཅོག་ཐབས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་དགོས། ལམ་ལུགས་དང་མ་ལག་འཛུགས་རྒྱུ།

    རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་གཟུགས་ཉིད་ཨར་སྐྲུན་ལ་ལག་རྩལ་གྱི་ལྟ་ཞིབ་ཚད་ལེན་བྱ་ཐབས་སྤྱོད་དགོས་ཤིང་། ཨར་སྐྲུན་གྲུབ་ཆའི་བདེ་འཇགས་དང་། ས་གཤིས་གནོད་འཚེ། གནམ་གཤིས་གནོད་འཚེ། མི་རྒྱུན་ཚད། ཁོར་ཡུག གནོད་ཅན་སྐྱེ་དངོས་འགོག་བཅོས་སོགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྔོན་བརྡའི་མ་ལག་དང་གཞི་གྲངས་ཆ་འཕྲིན་གྱི་ཐོ་མཛོད་བཟོ་དགོས། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་རྒྱུན་གཏན་གྱི་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོ་འགོད་ཡིག་ཚགས་དང་ཉིན་ཐོ་བཟོ་དགོས་པ་མ་ཟད། ལོ་རེའི་ཟླ་བ་དང་པོའི་ནང་ལོ་གོང་མའི་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུ་རང་སྐྱོང་ལྗོངས་རིག་དངོས་སྡེ་ཚན་ལ་སྐྱེལ་དགོས།

    དོན་ཚན་བཅུ་བདུན་པ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རིག་དངོས་བདེ་འཇགས་སྲུང་སྐྱོབ་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་སྲུང་སྐྱོབ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། མེ་ཟོན་དང་བདེ་འཇགས་ཉེན་ཟོན་སོགས་ཀྱི་སྔོན་ཇུས་བཟོ་དགོས་པ། མེ་ཟོན་དང་། རྐུན་ཟོན། འབུ་ཟོན། རང་བྱུང་གནོད་སྐྱོན་འགོག་ཟོན་སོགས་ཀྱི་སྒྲིག་བཀོད་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པ་ཤེས་མ་ཐག་ལམ་སེང་ཚོད་འཛིན་གྱི་བྱ་ཐབས་སྤྱོད་དགོས་པ་མ་ཟད། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཡང་ཞུ་དགོས།

    རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་རིག་གནས་ཤུལ་བཞག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་དགོས་པ་དང་། རྩད་ཞིབ་བྱས་འབྲས་ལ་གཞིགས་ནས་ཉམས་བཟོའི་ཇུས་གཞི་བཟོས་ཏེ། ཁྲིམས་བཞིན་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། ཉམས་བཟོ་བྱེད་རྒྱུ་དེ་སྲོལ་རྒྱུན་བཟོ་རྩལ་དང་འབྲེལ་བ་ཡོད་ན་ངེས་པར་དུ་སྲོལ་རྒྱུན་བཟོ་རྩལ་གྱི་ལག་རྩལ་ཡོད་པའི་བཟོ་པ་གདན་ཞུ་བྱས་ནས་ཉམས་བཟོ་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཕོ་བྲང་པོ་ཏ་ལའི་རིག་གནས་བཤུལ་བཞག་སྲུང་སྐྱོབ་ཀྱི་དགོས་མཁོ་གཞིར་བཟུང་། ཡུལ་སྐོར་བའི་གྲངས་ཚད་དང་ཡུལ་སྐོར་བྱེད་གནས་སུ་བསྡད་པའི་དུས་ཚོད་ཚན་རིག་དང་མཐུན་པའི་ཞིབ་གཏན་དང་ཚོད་འཛིན་བྱས་ནས་སྒོ་མོ་དབྱེ་ཁུལ་དང་ལྟ་སྐོར་ལམ་ཐིག་གཏན་འཁེལ་བཟོ་དགོས་ཤིང་། འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་དགོས་ངེས་སྐབས་སྒོ་བརྒྱབ་སྟེ་ཉམས་བཟོ་བྱས་ནས་རིག་དངོས་བདེ་འཇགས་ལ་འགན་ལེན་བྱེད་དགོས།

    གོང་གསལ་དོན་ཚན་གྱི་གཏན་འབེབས་ནང་དོན་ངེས་པར་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་དགུ་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་ནང་འགྲོ་མཁན་གྱིས་ངེས་པར་དུ་བདེ་འཇགས་ཀྱི་ཞིབ་བཤེར་དང་ལེན་བྱེད་དགོས་པ་དང་། འབར་གས་སླ་བ་དང་། འཕྲོ་ནུས་ཅན། རུལ་སླད་ཅན་སོགས་རིག་དངོས་ཀྱི་བདེ་འཇགས་ལ་གནོད་པ་དང་སྤྱི་པའི་བདེ་འཇགས་ལ་གནོད་པའི་དངོས་རྫས་རིགས་འཁྱེར་མི་ཆོག

    དོན་ཚན་ཉི་ཤུ་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཁོངས་ནང་གི་རིག་དངོས་དང་། ས་ཆ། གནའ་བོའི་ཨར་སྐྲུན། སྒྲིག་བཀོད། རྒྱུ་ནོར་སོགས་ཧམ་བཟུང་བྱེད་མི་ཆོག

    དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ལོ་ལྟར་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་དུས་བཀག་བཞིན་སྐོར་ཞིབ་བྱེད་དགོས་པ་མ་ཟད། སྐོར་ཞིབ་སྙན་ཞུ་བཟོས་ནས་རྒྱལ་ཁབ་རིག་དངོས་སྲིད་འཛིན་སྡེ་ཚན་ལ་འབུལ་དགོས།

    སྐོར་ཞིབ་བྱེད་པའི་ཁྲོད་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་བདེ་འཇགས་ལ་མངོན་མེད་རྐྱེན་རྩ་ཡོད་པ་ཤེས་ཚེ་ངེས་པར་དུས་ཐོག་ཏུ་བཅོས་སྒྲིག་བྱེད་རྒྱུའི་བླང་བྱ་འདོན་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ནས་བླང་བྱ་ལྟར་བཅོས་སྒྲིག་བྱེད་པར་ལྟ་སྐུལ་ཡང་བྱེད་དགོས། ཚབས་ཆེའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩ་ཡོད་ན་རྒྱལ་ཁབ་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    ལེའུ་གསུམ་པ། ལུགས་མཐུན་བེད་སྤྱོད།

    དོན་ཚན་ཉེར་གཉིས་པ། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་གྲངས་འཛིན་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་བཟོས་ནས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་སྔར་རྣམ་བཤམས་སྟོན་བྱེད་པའི་ནང་དོན་གསལ་སྟོན་དང་དྲིལ་བསྒྲགས་བྱས་ཐོག་གནའ་བོའི་ཨར་སྐྲུན་གྱི་ཐེག་ནུས་ཁུར་པོ་ཡང་དུ་གཏོང་དགོས།

    དོན་ཚན་ཉེར་གསུམ་པ། ཕོ་བྲང་པོ་ཏ་ལའི་རིག་དངོས་ཤུལ་བཞག་དེ་ཁེ་ལས་ཀྱི་རྒྱུ་ནོར་ལ་བརྩིས་ནས་གཉེར་སྐྱོང་བྱེད་མི་ཆོག ཁྲིམས་བཞིན་ཆོག་མཆན་ཐོབ་པའི་ལས་གཉེར་ཞབས་ཞུའི་རྣམ་གྲངས་རིགས་ནང་བཤུག་གཏོང་མི་ཆོག་པ་དང་། རྒྱུ་ནོར་གཏའ་མར་འཇོག་མི་ཆོག་ལ། ཁེ་ལས་སམ་མི་སྒེར་དང་མཉམ་ལས་ཀྱིས་ཚོང་གཉེར་བྱེད་མི་ཆོག

    ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཕོ་བྲང་པོ་ཏ་ལའི་རིག་དངོས་ཤུལ་བཞག་གི་སྤ་སེ་དང་འབྲེལ་ཡོད་དཔང་འཛིན་རྫུན་བཟོ་དང་། བཟོ་བཅོས། བར་ཚོང་བཅས་བྱེད་མི་ཆོག

    དོན་ཚན་ཉེར་བཞི་པ། རིག་དངོས་སྲུང་སྐྱོབ་དོ་དམ་སྒྲིག་གཞིས་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བའི་བོད་ཀྱི་རིག་དངོས་ལ་དཀར་ཆགས་བཟོ་བ་དང་རིགས་དབྱེ་དོ་དམ་བྱེད་དགོས། ཡིག་ཚགས་གློག་རྡུལ་གྱི་གཞི་གྲངས་ཆ་འཕྲིན་ཐོ་མཛོད་མ་ལག་བཙུགས་ནས་དངོས་རྫས་གཅིག་ལ་ཡིག་ཚགས་རེ་བཟོ་བའི་གློག་རྡུལ་གཞི་གྲངས་ཆ་འཕྲིན་ཡིག་ཚགས་སྤྱོད་རྒྱུ།

    དོན་ཚན་ཉེར་ལྔ་པ། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་བྱས་པའི་རིག་དངོས་དོ་དམ་དང་། ཤོག་ཐོག་གམ་གློག་རྡུལ་ཆ་འཕྲིན་གཞི་གྲངས་ཀྱི་ཡིག་ཚགས་བཅས་ཁག་སོ་སོར་ཆེད་བསྐོས་མི་སྣས་དོ་དམ་བྱེད་འགན་འཁུར་དགོས། ཆོག་མཆན་ཐོབ་པའི་རིག་དངོས་གསོག་ཉར་དངོས་རྫས་མཛོད་ཁང་དུ་ཉར་བ་དང་མཛོད་ཁང་ནས་བཏོན་པའི་རིགས་ངེས་པར་དུ་སྙན་ཐོ་དཔོ་བ་དང་སྦྲགས་རིག་དངོས་ཀྱི་འབྲེལ་ཡོད་ཆ་འཕྲིན་ནང་དུས་ཐོག་ཏུ་འཇུག་དགོས།

    དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་རིག་དངོས་ཡིག་ཚགས་ལ་དོ་དམ་བྱེད་མཁན་མི་སྣ་དང་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ཚན་པ་གང་ཞིག་དང་མི་སྒེར་སུ་ཞིག་ལའང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བའི་རིག་དངོས་ཡིག་ཚགས་དཔྱད་ཡིག་མཁོ་འདོན་བྱེད་མི་ཆོག

    དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་གི་ལོ་རྒྱུས་དང་། ཚན་རིག སྒྱུ་རྩལ་སོགས་ཐད་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་ལ། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱེད་པ་དང་སྦྲགས་བཤམས་སྟོན་བྱས་ཏེ་འབྲེལ་ཡོད་ཤེས་བྱའི་བདག་དབང་ཁྲིམས་བཞིན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་ཞིབ་འཇུག་བྱེད་མཁན་ལས་ཁུངས་བཙུགས་ཏེ་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་། ཞིབ་འཇུག དོ་དམ་བཅས་བྱེད་མཁན་ཤེས་ལྡན་པར་དུས་འབྲིང་དུས་རིང་གི་སྦྱོང་བརྡར་སྤྲོས་པའི་འཆར་འགོད་བཟོ་བ་དང་། ཆེད་ལས་སྦྱོང་བརྡར་སྤྲོས་རྒྱུའི་སྒྲིག་འཛུགས་བྱེད་དགོས།

    རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ལས་བྱར་བཅའ་ཁྲིམས་དང་ལས་སྒོའི་ཤེས་བྱའི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོབ་དོ་དམ་དང་ལུགས་མཐུན་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས།

    ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཉེར་དགུ་པ། རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་འཁུར་མཁན་ཚན་པ་དང་མི་སྒེར་གྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རང་འགན་སྣང་མེད་དུ་བཏང་བ་དང་། ལས་འཛོལ་འགན་འཛོལ་ཤོར་བ། འགན་དབང་གང་བྱུང་དུ་སྤྱད་པ་བཅས་ལས་རིག་དངོས་ལ་གྱོང་གུན་དང་། གནོད་སྐྱོན། གཏོར་བརླག་བཅས་བྱུང་རིགས་ཁྲིམས་བཞིན་སྐྱིན་ཚབ་སྒྲུབ་དགོས་པ་མ་ཟད། རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ལྟ་ཞིབ་ནམ་གོ་གནས་བསྐོ་འཐེན་ལས་ཁུངས་ལ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུའི་རེ་བ་འདོན་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་ན་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་བྱེད་རྒྱུ།

    དོན་ཚན་སུམ་ཅུ་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཉིས་པའི་ནང་གསེས་དང་པོ་ནས་བཅུ་གཅིག་བར་གྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ནས་དེའི་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཐ་ཚིག་སྒྲོག་ཅིང་སྒོར་5000ཡན་ནས་ཁྲི་1མན་གྱི་དངུལ་ཆད་འགེལ་ཆོག ཉེས་ཚབས་ཆེ་རིགས་ལ་རིག་དངོས་སྲིད་འཛིན་སྡེ་ཚན་ནས་སྒོར་ཁྲི་3ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་ཆོག གྱོང་གུན་དང་། གནོད་སྐྱོན། གཏོར་སྐྱོན། གཏོར་བརླག་བཅས་བྱུང་རིགས་ཁྲིམས་བཞིན་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་ན་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་བྱེད་རྒྱུ།

    དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཉིས་པའི་ནང་གསེས་བཅུ་གཉིས་དང་། དོན་ཚན་བཅུ་གསུམ། དོན་ཚན་བཅུ་བཞིའི་ནང་གསེས་དང་པོ་བཅས་ཀྱི་གཏན་འབེབས་ལས་འགལ་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།

    དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཚེ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། རིག་དངོས་སྲུང་སྐྱོབ་དོ་དམ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ། ཉེས་གསོག་གི་དོགས་པ་ཡོད་ན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་རྒྱུ།

    སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ནང་གི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།

    དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་ཚེ་ཁྲིམས་ལུགས་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ཆད་པ་གཅོད་རྒྱུ།

    ལེའུ་ལྔ་པ། ཞར་བྱུང་།

    དོན་ཚན་སོ་བཞི་པ། སྲོལ་ཡིག་འདི་2015ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱས། 

    (བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།